རྒྱ་ནག་གིས་ཡོ་རོབ་ནང་རྒྱལ་མཚམས་བརྒལ་ནས་དྲག་གནོན་བྱེད་བཞིན་ཡོད་ཀྱང་ཡོ་རོབ་མཐུན་ཚོགས་ནས་བཀག་འགོག་དེ་ཙམ་ཐུབ་ཀྱི་མེད་པར་བརྗོད་འདུག 

རྒྱ་ནག་གཞུང་གིས་བོད་དང་ཧོང་ཀོང་དང་། ཡུ་གུར་བ། རྒྱ་རིགས་དམངས་གཙོ་དོན་གཉེར་བ་རྣམས་ལ་རྒྱལ་མཚམས་བརྒལ་ནས་དྲག་གནོན་བྱེད་བཞིན་པ་དེ་ལ་ཡོ་རོབ་མཐུན་ཚོགས་ནས་ནུས་པ་ལྡན་པའི་བཀག་འགོག་བྱེད་ཐུབ་ཀྱི་མེད་པར་བརྗོད་འདུག

ཕྱི་ཚེས་༡༦ ཉིན་(ICIJ)ཟེར་བ་ཡོ་རོབ་རྒྱལ་ཁབ་བཅུ་ཡི་གསར་འགོད་མཐུན་ཚོགས་ཤིག་གིས་རྒྱ་ནག་གིས་ཡོ་རོབ་རྒྱལ་ཁབ་ཁག་ཏུ་ཡོད་པའི་བོད་པ་དང་། ཧོང་ཀོང་བ། ཡུ་གུར་བ། རྒྱ་རིགས་དམངས་གཙོ་དོན་གཉེར་བ་རྣམས་ལ་རྒྱལ་མཚམས་བརྒལ་ནས་དྲག་གནོན་དང་བཙན་གནོན་མུ་མཐུད་ནས་བྱེད་ཀྱི་ཡོད་ཀྱང་། ཡོ་རོབ་མཐུན་ཚོགས་ནས་ནུས་པ་དང་ལྡན་པའི་ཐོག་ནས་དེ་དག་ལ་བཀག་འགོག་བྱེད་ཐུབ་ཀྱི་མེད་པ་གསར་འགོད་པ་རྣམས་ཀྱིས་ཡོ་རོབ་མཐུན་ཚོགས་ཀྱི་གྲོས་ཚོགས་འཐུས་མི་རྣམས་ལ་བཅར་འདྲི་བྱེད་སྐབས་བརྗོད་འདུག ཕྱི་ལོ་༢༠༢༣ ནས་དམིགས་བསལ་ཡོ་རོབ་མཐུན་ཚོགས་ཀྱི་ཚོགས་མི་རྒྱལ་ཁབ་ཚོའི་ནང་རྒྱ་ནག་གིས་རྒྱལ་མཚམས་བརྒལ་ནས་དྲག་གནོན་བྱེད་ཀྱི་ཡོད་པ་ཤེས་རྟོགས་གསལ་པོ་བྱུང་ཡོད་འདུག་ལ། ཚོགས་མི་རྒྱལ་ཁབ་ཚོའི་ངོས་ནས་ཉམས་ཞིབ་དང་ཞིབ་འཇུག་བྱས་ནས་ཡོ་རོབ་མཐུན་ཚོགས་ཀྱི་ཚོགས་མི་རྒྱལ་ཁབ་ཚོའི་ནང་དུ་ཡོད་པའི་བོད་པ་དང་། ཧོང་ཀོང་བ། རྒྱ་རིགས་དམངས་གཙོ་དོན་གཉེར་བ། ཡུ་གུར་བ་སོགས་སུ་དྲག་གནོན་བྱེད་མཁན་དག་ལ་ཉེས་ཆད་གཅོད་དགོས་པའི་སྐོར་ད་ཆར་ཡོ་རོབ་མཐུན་ཚོགས་ཀྱི་གྲོས་ཚོགས་སུ་བསམ་ཚུལ་བྱུང་ཡོད་འདུག འོན་ཀྱང་། ད་བར་ནུས་པ་ལྡན་པའི་བཀག་འགོག་གཅིག་བྱེད་ཐུབ་མེད་པ་ཡང་བརྗོད་འདུག 

གསར་འགོད་མཐུན་ཚོགས་དེའི་ནང་ཡོ་རོབ་རྒྱལ་ཁབ་བཅུའི་གསར་ཁང་༤༢ ཡོད་འདུག་ཅིང་། གསར་ཁང་དེ་དག་གིས་ཤེས་རྟོགས་བྱུང་གསལ་ལ་ཡོ་རོབ་ནང་དུ་ཡོད་པའི་བོད་པ་དང་། ཧོང་ཀོང་བ། ཡུ་གུར་བ། རྒྱ་རིགས་དམངས་གཙོ་དོན་གཉེར་བ་རྣམས་ཀྱི་དྲྭ་རྒྱར་གཏོར་རྒོལ་བཏང་བ་དང་། གསང་བའི་ཡིག་ཆ་རྐུ་བ། རྒྱའི་དབང་འོག་ཏུ་ཡོད་པའི་ནང་མི་དང་སྤུན་མཆེད་རྣམས་ལ་འཇིགས་སྐུལ་བྱས་ནས། ཕྱི་རྒྱལ་དུ་ཡོད་པའི་གོང་གསལ་གྱི་མི་རིགས་དེ་དག་གིས་རྒྱ་ནག་གཞུང་ལ་སྐྱོན་བརྗོད་དང་ངོ་རྒོལ་རིགས་བྱེད་རྒྱུ་མེད་པ་བཟོ་བཞིན་ཡོད་པར་བརྗོད་འདུག ཡོ་རོབ་མཐུན་ཚོགས་ཀྱི་གྲོས་ཚོགས་འཐུས་མི་(Engin Eroglu)་ཟེར་བ་ཁོང་གིས་བརྗོད་དོན་ལ། ཕྱི་རྒྱལ་རང་དབང་ལུང་པར་ཡོད་པའི་གོང་གསལ་གྱི་མི་རིགས་དེ་དག་ལ་རྒྱལ་མཚམས་བརྒལ་ནས་དྲག་གནོན་བྱེད་པ་ནི་ཧ་ཅང་བཟོད་དཀའ་བ་ཞིག་ཡིན་པ་དང་། ཁོང་ཉིད་ལ་མཚོན་ན་ཁོང་གི་དྲྭ་རྒྱ་ལ་རྒྱ་ནག་གཞུང་གིས་ལྐོག་ནས་གཏོར་རྒོལ་བཏང་མྱོང་ཡོད་པར་བརྗོད་འདུག་ཅིང་། ཁོང་གིས་ད་དུང་ང་ཚོས་རྒྱ་ནག་ལྟ་བུ་གཞུང་དང་ལྷན་དུ་དཔལ་འབྱོར་ཐོག་མཉམ་ལས་བྱེད་རྒྱུའི་གྲོས་མཐུན་འཇོག་དུས་དཔལ་འབྱོར་ཡར་རྒྱས་གཏོང་ཐབས་ཀྱི་མངོན་འདོད་དང་། གོ་ལའི་བཟང་སྤྱོད་ལ་ཡང་བརྩི་སྲུང་བྱེད་དགོས་པའི་མངོན་འདོད་གཉིས་ཀ་གྲོས་མཐུན་འཇོག་དགོས་པར་བརྗོད་འདུག་ལ། དེ་བཞིན་ཡོ་རོབ་མཉམ་འབྲེལ་ལྷན་ཚོགས་ཀྱི་ངོས་ནས་གོ་ལ་སྤྱི་ཡོངས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལ་སྲུང་སྐྱོབ་ངེས་པར་དུ་བྱེད་དགོས་པར་བརྗོད་འདུག 

(Image ICIJཔར་དབང་། )

སྤྱིར་བཏང་རྒྱལ་མཚམས་བརྒལ་ནས་དྲག་གནོན་བྱེད་མཁན་རྒྱ་ནག་གཅིག་པུ་ཡིན་མི་འདུག དཔེར་ན། ཨུ་རུ་སུ་དང་། སོ་དྷི་ཨ་རབ་སོགས་ཀྱིས་དྲག་གནོན་བྱེད་ཀྱི་ཡོད་འདུག་ཅིང་། རྒྱལ་ཁབ་དེ་དག་གིས་ཕྱོགས་འགལ་སྲིད་དོན་ཚོགས་པའི་འགོ་ཁྲིད་དང་། དེ་དག་གི་མི་མང་ལ་དྲག་གནོན་བྱེད་ཀྱི་ཡོད་འདུག འོན་ཀྱང་། རྒྱ་ནག་གི་དྲག་གནོན་དེ་ནི་ཧ་ཅང་གི་འཆར་གཞི་ལྡན་པ་དང་། གཞི་རྒྱ་ཆེ་བ་ཞིག་ཡིན་པ་སོགས་བརྗོད་འདུག 

ཨ་རིའི་ནང་ཡོད་པའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའམ་ཡོངས་གྲགས་སུ་རང་དབང་ཁང་པ་ཞེས་འབོད་པ་དེས་རྒྱ་ནག་གི་རྒྱལ་མཚམས་བརྒལ་བའི་དྲག་གནོན་དེ་ནི་རྒྱལ་ཁབ་གཞན་དག་ལས་རྙོག་འཛིང་ཆེ་བ་དང་། གཞི་རྒྱ་ཆེ་བ་ཡིན་པར་བརྗོད་འདུག གོང་གསལ་གྱི་གསར་འགོད་མཐུན་ཚོགས་(ICIJ)་ཟེར་བ་དེས་གཙོ་བོ་རྒྱ་ནག་གཞུང་གི་ཡིག་ཆའི་རིགས་ཕྱི་ཕྱོགས་སུ་ཤོར་བ་དེ་དག་དང་། ཡོ་རོབ་ནང་ཡོད་པ་དྲག་གནོན་ཕོག་མྱོང་མཁན་མི་མང་༡༠༥ ལ་བཅར་འདྲི་བྱེད་དུས་ཤེས་རྟོགས་བྱུང་ཡོད་འདུག  གོང་གསལ་གྱི་མི་དེ་དག་ནས་མི་༤༥ ཧྥ་རན་སིའི་ནང་ཡོད་འདུག་ལ། གཞན་རྣམས་ཡོ་རོབ་རྒྱལ་ཁབ་གཞན་དག་གི་ནང་དུ་ཡོད་འདུག  རྒྱ་ནག་གིས་ཡོ་རོབ་རྒྱལ་ཁབ་དེ་དག་ནང་རྒྱལ་མཚམས་བརྒལ་ནས་དྲག་གནོན་བྱེད་ཀྱི་ཡོད་པ་ད་ཆར་ཡོ་རོབ་མཐུན་ཚོགས་ཀྱི་ཚོགས་མི་རྒྱལ་ཁབ་ཚང་མས་རྗོད་ཀྱི་འདུག

གསར་འགོད་པ། བསོད་ནམས་ཕུན་ཚོགས།