རྒྱ་ནག་གིས་རྒྱ་གར་གྱི་མེ་ཤུགས་འཕུར་མདའ་སོགས་ཀྱི་བྱ་འགུལ་ལ་ལྟ་ཞིབ་བྱེད་བཞིན་ཡོད་འདུག
རྒྱ་ནག་གིས་བོད་དང་ཡུན་ནན། ཨག་སའི་ཅིན་(Aksai Chin) སོགས་ཚོར་བ་སྐྱེན་པའི་ས་ཁུལ་ཁག་ཏུ་རེ་ཌར་ཞེས། ཐག་རིང་དང་སྒྲིབ་པའི་དངོས་པོ། དེ་བཞིན་གནམ་གྲུ་སོགས་ཉེ་འགྱང་གར་ཡོད་དང་ཕྱོགས་གང་དུ་གནས་པ་སོགས་སྒྲ་རླབས་ལྡོག་འཕྲོས་ལ་བརྟེན་ནས་ཤེས་ཐུབ་པའི་འཕྲུལ་ཆས་བཙུགས་ནས། རྒྱ་གར་གྱི་མེ་ཤུགས་འཕུར་མདའི་བྱ་འགུལ་ལ་ལྟ་ཞིབ་བྱེད་བཞིན་ཡོད་འདུག

ཟླ་འདིའི་ཚེས་༩ ཉིན་(india.com) ཞེས་པའི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། རྒྱ་གར་གྱི་མེ་ཤུགས་འཕུར་མདའི་ལས་གཞི་ནི་འཛམ་གླིང་ནང་སྔོན་ཐོན་དང་ཡར་རྒྱས་ཀྱི་གྲས་ཤིག་ཡིན་ན་ཡང་། འཐབ་འཛིང་གནམ་གྲུའི་ནུས་པའི་ཐད་རྒྱ་གར་ལས་རྒྱ་ནག་ཡག་པར་བརྗོད་འདུག འོན་ཀྱང་། རྒྱ་ནག་ལ་རྒྱ་གར་གྱི་འཕུར་མདའ་བཀག་འགོག་དང་དེར་ཁ་གཏད་གཅོག་པའི་ནུས་པ་མེད་པ་མ་ཟད། ལྷག་པར་དུ་རྒྱ་ནག་གིས་རྒྱ་གར་གྱི་(BrahMos) ཞེས་པའི་འཕུར་མདའ་འགོག་བྱེད་ཅིག་གསར་གཏོད་བྱེད་མ་ཐུབ་པར་སེམས་འཚབ་བྱེད་བཞིན་ཡོད་འདུག
རྒྱ་ནག་གིས་འཕུར་མདའི་ཉེན་ཁ་ལས་རང་ཉིད་སྲུང་སྐྱོབ་བྱེད་ཆེད། རེ་ཌར་ཞེས་པའི་འཕྲུལ་རིག་དེ་མྱུར་པོའི་ངང་ཡར་རྒྱས་གཏོང་འགོ་བཙུགས་ཡོད་འདུག་པ་དང་། ཟླ་འདིའི་འགོ་སྟོད་དུ་རྒྱ་ནག་གིས་དམག་དོན་གྲ་སྒྲིག་གི་ཆ་ཤས་སུ། གྷོ་བྷི་(Gobi) བྱེ་ཐང་ནས་མེ་ཤུགས་འཕུར་མདའ་༡༦ གཅིག་མཇུག་གཉིས་མཐུད་དུ་འཕངས་ནས་ཚོད་ལྟ་བྱས་ཡོད་འདུག རྒྱ་གར་གྱིས་ཀྱང་མེ་ཤུགས་འཕུར་མདའི་ལག་རྩལ་ཡར་རྒྱས་ཆེན་པོ་བཏང་སྟེ། ན་ནིང་(MIRVs) ཞེས་པའི་གོ་མཚོན་ཚོད་ལྟ་ལ་ལེགས་གྲུབ་བྱུང་ནས། རྒྱ་གར་ནི་འཛམ་གླིང་ནང་ཨ་རི་དང་ཨུ་རུ་སུ། རྒྱ་ནག་བཅས་ཀྱི་རྗེས་སུ། དེང་རབས་ཀྱི་གོ་མཚོན་དེར་མཁས་པའི་རྒྱལ་ཁབ་བཞི་པ་དེ་ཆགས་ཡོད་འདུག་ལ། (MIRVs) ཞེས་པའི་གོ་མཚོན་གཅིག་གིས་དགྲ་བོའི་གནས་མང་པོ་ལ་དམིགས་འབེན་བཟུང་ནས་དུས་གཅིག་ལ་གཏོར་ཐུབ་ཀྱི་ཡོད་འདུག
ཡུ་རེ་ཤེ་ཡན་གྱི་དུས་བབ་ཅེས་པའི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། གྷོ་བྷི་བྱེ་ཐང་དུ་མེ་ཤུགས་འཕུར་མདའ་ཚོད་ལྟ་མ་བྱས་པའི་བདུན་ཕྲག་འགའི་སྔོན། རྒྱ་ནག་གིས་ཡུན་ནན་ཞིང་ཆེན་དུ་རེ་ཌར་མ་ལག་(LPAR) ཞེས་པ་ཆེ་གྲས་འགའ་བཀྲམ་སྟེ་བཞག་ཡོད་པ་སྲུང་སྐར་བརྙན་པར་བརྒྱུད་ཤེས་རྟོགས་བྱུང་ཡོད་འདུག ས་ཚིགས་དེ་ནི་རྒྱ་གར་གྱི་ཤར་མཚོ་འགྲམ་ནས་ཕལ་ཆེ་སྤྱི་ལེ་༢༢༠༠ གི་སར་ཆགས་ཡོད་འདུག རེ་ཌར་མ་ལག་འདིས་རྒྱ་གར་གྱི་ཨབ་དུལ་ཀ་ལམ་གླིང་ཕྲན་(Abdul Kalam Island) ནས་མེ་ཤུགས་འཕུར་མདའ་འཕེན་པ་ལ་ལྟ་ཞིབ་དང་། རྒྱ་གར་རྒྱ་མཚོའི་ཁུལ་གྱི་བྱ་འགུལ་ལ་བརྟག་ཞིབ་བྱེད་པའི་ནུས་པ་ཡོད་པར་བརྗོད།
གསར་འགྱུར་བརྒྱུད་ལམ་གཞན་ཁག་གིས་བསྟན་དོན་ལྟར་ན། རྒྱ་ནག་གིས་ཚོར་བ་སྐྱེན་པའི་ས་ཆ་བོད་དང་ཡུན་ནན། ཨག་སའི་ཅིན་(Aksai Chin) སོགས་སུ་རེ་ཌར་ས་ཚིགས་བཙུགས་ནས་རྒྱ་གར་གྱི་མེ་ཤུགས་འཕུར་མདའི་བྱ་འགུལ་ལ་ལྟ་ཞིབ་བྱེད་བཞིན་ཡོད་འདུག་པ་དང་། འཕྲུལ་ཆས་སྒྲིག་སྦྱོར་འདི་དག་ནི་མཐའ་མཚམས་ལྟ་ཞིབ་ཁོ་ནའི་ཆེད་དུ་མིན་པར། རྒྱ་གར་གྱི་འགུལ་སྐྱོད་ཚང་མ་ཤེས་རྟོགས་ཐུབ་ཆེད་དུ་བཟོས་པ་ཞིག་ཡིན་པར་བརྗོད་འདུག།།
གསར་འགོད་པ། བློ་བཟང་རྒྱ་མཚོ།