རྒྱ་ནག་གིས་རྒྱལ་སྤྱིའི་བར་འདུམ་ཁྲིམས་ཞིབ་ཁང་གི་བཅད་ཁྲ་ལ་བརྩི་འཇོག་མ་བྱས་པ།
ཧོ་ལེན་ཊིར་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བར་འདུམ་ཁྲིམས་ཞིབ་ཁང་གིས། རྒྱ་ནག་ལ་ལྷོ་རྒྱ་ནག་རྒྱ་མཚོའི་བདག་དབང་རྩོད་ལེན་ལ་ལོ་རྒྱུས་དང་ཁྲིམས་ཐོག་ནས་གཞི་རྩ་མེད་སྐོར་གྱི་བཅད་ཁྲ་བཏང་ཡོད་ཀྱང་། རྒྱ་ནག་གིས་བཅད་ཁྲ་དེས་རྒྱ་ནག་གི་བདག་དབང་རྩོད་ལེན་ལ་ཤུགས་རྐྱེན་སྤྲོད་ཐུབ་ཀྱི་མེད་སྐོར་བརྗོད་འདུག
ཨེ་ཤི་ཡའི་རྒྱལ་ཁབ་ཧྥི་ལི་པིན་གྱིས་རྒྱལ་སྤྱིའི་བར་འདུམ་ཁྲིམས་ཞིབ་ཁང་ལ་རྒྱ་ནག་གིས་ལྷོ་རྒྱ་ནག་རྒྱ་མཚོའི་བདག་དབང་རྩེད་ལེན་དང་རྒྱ་ནག་གི་བྱ་སྤྱོད་ལ། ཁ་མཆུ་བཙུགས་ཡོད་པ་དང་། ཟླ་འདིའི་ཚེས་༡༢ ཉིན་ཁྲིམས་ཞིབ་ཁང་དེས། རྒྱ་ནག་གཞུང་གིས་ཕྱི་ལོ་༡༩༤༠ ལོར་ལྷོ་རྒྱ་ནག་རྒྱ་མཚོའི་ནང་ཤར་ཐིག་དགུ་ཟེར་བའི་ས་ཁྲ་ཞིག་གཏན་འབེབས་བྱས་ཡོད་པ་དེའི་ནང་གི་ཆུ་དང་ཐོན་ཁུངས་སོགས་ལ། ལོ་རྒྱུས་དང་ཁྲིམས་ཐོག་ནས་རྒྱ་ནག་ལ་བདག་དབང་གི་གཞི་རྩ་མེད་པ་མ་ཟད། ཧྥི་ལི་པིན་གྱི་བདག་དབང་ལ་རྩིས་མེད་གཏོང་གི་ཡོད་པའི་བཅད་ཁྲ་བཏང་འདུག འོན་ཀྱང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕེང་གིས་རྒྱ་ནག་གི་བདག་དབང་རྩོད་ལེན་ལ་བཅད་ཁྲ་དེས་ཤུགས་རྐྱེན་སྤྲོད་ཐུབ་ཀྱི་མེད་པ་དང་། གནད་དོན་དེ་ཁྱིམ་མཚེས་རྒྱལ་ཁབ་ཁག་གི་བར་སེལ་ཐབས་བྱེད་རྒྱུ་ཡིན་སྐོར་བརྗོད་འདུག
བར་འདུམ་ཁྲིམས་ཞིབ་ཁང་གི་བཅད་ཁྲ་དེ་ཕྱོགས་གཉིས་ཀའི་བརྩི་འཇོག་བྱེད་དགོས་པ་ཞིག་ཡིན་འདུག་ཀྱང་། ཁྲིམས་ཞིབ་ཁང་དེར་བཅད་ཁྲ་ལག་ལེན་བསྟར་བའི་དབང་ཆ་མེད་པ་རེད་འདུག
ལྷོ་རྒྱ་ནག་རྒྱ་མཚོའི་བདག་དབང་ཐོག་ལྷོ་ཤར་ཨེ་ཤེ་ཡའི་རྒྱལ་ཁབ་ཝེ་ཏི་ནམ་དང་། རྒྱ་ནག ཧྥི་ལི་པིན་སོགས་ཀྱིས་རྩོད་ལེན་བྱེད་ཀྱི་ཡོད་པ་དང། དེ་བཞིན་རྒྱ་མཚོ་དེར་གླིང་ཕྲན་གཉིས་ཡོད་པས། དེ་གཉིས་ཐོག་ལ་ཡང་ལོ་རྒྱུས་ཀྱི་དཔང་པོའི་འོག བདག་དབང་ལ་རྩོད་རྙོག་ཡོང་གི་ཡོད་པ་རེད།
ཕྱི་ལོ་༢༠༡༣ ནས་རྒྱ་ནག་གིས་ལྷོ་རྒྱ་ནག་རྒྱ་མཚོའི་གཏིང་ནས་རྡོ་དང་བྱེ་མ་སོགས་ཕྱིར་འདོན་གྱི་ལས་གཞི་བརྩམས་ཏེ། གླིང་ཕྲན་ཞིག་བཟོ་འགོ་ཚུགས་པ་ཡོད་པ་དང་།ཨ་རིས་གླིང་ཕྲན་དེ་དམག་འཐབ་ཀྱི་རྟེན་གཞི་ཡིན་པར་དོགས་པ་བྱེད་ཀྱི་ཡོད་ཀྱང། རྒྱ་ནག་ནས་དོགས་པ་དེར་ངོས་ལེན་བྱེད་ཀྱི་མེད་པ་རེད།
ད་བར་རྒྱལ་སྤྱིའི་འགྲོ་བའི་ཐོབ་ཐང་གི་ལྷན་ཚོགས་དང་ཁྲིམས་ཞིབ་ཁང་། དེ་བཞིན་བར་འདུམ་ཁྲིམས་ཞིབ་ལྷན་ཁང་ལྟ་བུས། རྒྱ་ནག་ལ་ཁ་གཏད་པའི་བཅད་ཁྲ་དང་སྙན་ཐོ་མང་པོ་བཏོན་ཡོད་ཀྱང་། རྒྱ་ནག་གི་དཔལ་འབྱོར་དང་དམག་གི་སྟོབས་ཤུགས་རྐྱེན་པས། དེ་དག་གིས་རྒྱ་ནག་ལ་གནོན་ཤུགས་གང་ཡང་སྤྲོད་ཐུབ་ཀྱི་མེད་པ་རེད།།
གསར་འགོད་པ་སྐལ་བཟང་དོན་གྲུབ།