རྒྱ་ནག་གིས་རྡོ་གཅིག་གིས་བྱིའུ་བཞི་གསོད་འདོད་བྱེད་ཀྱི་ཡོད་རེད་ཟེར།

ཨ་རིའི་སྲིད་འཛིན་ཊོམ་གྱིས་ཨུ་རུ་སུ་དང་ཡུག་རེན་བར་གྱི་དམག་འཁྲུག་མཚམས་འཇོག་བྱེད་རྒྱུར་འབད་བརྩོན་བྱེད་བཞིན་ཡོད་ན་ཡང་། ཨུ་རུ་སུ་དང་ཡུག་རེན་བར་གྱི་དམག་འཁྲུག་མཚམས་འཇོག་བྱས་ན། རྒྱ་ནག་ལ་ཁེ་ཕན་མེད་པ་དང་། རྒྱ་ནག་ནང་གི་མཁས་པ་མང་པོས་ཊོམ་གྱིས་ཨུ་རུ་སུ་དང་འབྲེལ་ལམ་བཟང་དུ་བཏང་ནས། རྒྱ་ནག་དང་ཨུ་རུ་སུའི་མཉམ་ལས་གཏོར་བཤིག་གཏོང་ཐབས་བྱེད་ཀྱི་ཡོད་པར་ཡིད་ཆེས་བྱེད་ཀྱི་ཡོད་འདུག

པར། ABC

ཟླ་འདིའི་ཚེས་༡༦ ཉིན། རྒྱ་གར་གྱི་བང་ཆེན་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ནུབ་ཕྱོགས་རྒྱལ་ཁབ་ཚོས་ཡུ་རོབ་ཀྱི་བདེ་འཇགས་དང་། ཡུག་རེན་མི་མང་གི་བདེ་འཇགས། ཡུག་རེན་གྱི་རང་བཙན་སྲུང་སྐྱོབ། དེ་བཞིན་ཕྱོགས་གཉིས་ཀྱི་བར་དམག་འཁྲུག་གཞི་རྒྱ་ཆེ་རུ་འགྲོ་རྒྱུའི་ཉེན་ཁ་འགོག་ཐབས་སུ། དམག་འཁྲུག་མཚམས་འཇོག་དགོས་ཞེས་རྗོད་བཞིན་ཡོད་ན་ཡང་། རྒྱ་ནག་གི་མཁས་དབང་ཚོས་ཨ་རིའི་སྲིད་འཛིན་ཊོམ་གྱིས་བྲེལ་འཚུབ་ངང་། དམག་མཚམས་འཇོག་ཐབས་བྱེད་བཞིན་པའི་དམིགས་ཡུལ་ངོ་མ་གང་ཡིན་གྱི་ཐད་ལ་རྩོད་གླེང་གིས་རྒྱུ་མཚན་གཉིས་བགྲང་བཞིན་ཡོད་འདུག

དང་པོ། སྲིད་འཛིན་ཊོམ་གྱི་ཕྱི་འབྲེལ་སྲིད་བྱུས་ནི་མཐུན་ཕྱོགས་རྒྱལ་ཁབ་ཡུ་རོབ་དང་པོ་ལ་འཇོག་རྒྱུ་དང་། ཨེ་ཤེ་ཡ་གཉིས་པར་འཇོག་རྒྱུ་དེ་ཡིན་པ་དང་། ཕྱི་འབྲེལ་སྲིད་བྱུས་དེ་ནི་ཨ་རིའི་སྲིད་དོན་གནད་ཡོད་མི་སྣ་ཚོའི་ལྟ་བ་དང་མཐུན་ཡོད་པ་མ་ཟད། གལ་སྲིད་ཨུ་རུ་སུ་དམག་འཁྲུག་གི་ཁྲོད་ཕམ་ཉེས་བྱུང་ཚེ། ཊོམ་སྲིད་གཞུང་གིས་ཀྱང་དགའ་བསུ་ཞུ་ངེས་ཡིན་པར་བརྗོད་འདུག

བྷ་ཌན་སྲིད་གཞུང་གིས་དམག་འཁྲུག་གི་བརྒྱུད་ནས་ཨུ་རུ་སུ་ཉམས་རྒུད་དང་གྲོགས་མེད་ཁེར་རྐྱང་དུ་ལུས་སྲིད་པའི་ཚོད་དཔག་དང་བསམ་ཚུལ་ལ་ནོར་འཁྲུལ་བྱུང་ཡོད་པ་དང་། ད་ལྟའི་ཆར་ཨུ་རུ་སུ་ལ་གྱོང་གུད་ཆེན་པོ་ཕོག་པ་ཇི་བཞིན། ཨ་རི་གཙོས་པའི་ནུབ་ཕྱོགས་རྒྱལ་ཁབ་ཚོ་ལ་ཡང་གྱོང་གུད་ཆེན་པོ་ཕོག་ཡོད་པས། ཊོམ་སྲིད་གཞུང་གིས་གྱོང་གུད་དེ་མཚམས་འཇོག་བྱ་རྒྱུའི་རྣམ་དཔྱོད་ལྡན་པའི་རྣམ་པ་ཞིག་སྟོན་འདོད་བྱེད་ཀྱི་ཡོད་པ་དང་། ལྷག་པར་དུ་སྲིད་འཛིན་ཊོམ་གྱིས་ཨ་རྒྱ་གཉིས་ཀྱི་འགྲན་རྩོད་ཁྲོད་དམག་འཁྲུག་དེས་ཨ་རི་ལ་ཕན་ཐོགས་མེད་པ་མཐོང་གི་ཡོད་པར་བརྗོད་འདུག

གཉིས་པ། རྒྱ་ནག་གི་དཔྱད་བརྗོད་པ་ཞིག་གིས་ཆུ་བྱ་དང་ཉ་སོག་འཁྲུག་རྩོད་བྱེད་དུས། ཉ་པར་ཁེ་ཕན་ཐོབ་ཅེས་པའི་དཔེ་ལྟར། དམག་འཁྲུག་མུ་མཐུད་ན། རྒྱ་ནག་ལ་ཨུ་རུ་སུ་དང་འབྲེལ་ལམ་བྱེད་ཤུགས་ཆེ་རུ་གཏོང་རྒྱུའི་གོ་སྐབས་བཟང་པོ་འཐོབ་རྒྱུ་ཙམ་མ་ཟད། དཔལ་འབྱོར་གྱི་ཁེ་ཕན་ཡང་ལེན་རྒྱུ་ཡོད་པ་དང་། ཕྱོགས་གཞན་ཞིག་ནས། ཨ་རི་གཙོས་པའི་ནུབ་ཕྱོགས་རྒྱལ་ཁབ་ཚོར་འདས་པའི་ལོ་ངོ་གསུམ་གྱི་རིང་། ཁུར་པོ་ལྗིད་དྲགས་པའི་དཀའ་ངལ་འཕྲད་ཡོད་པས། སྲིད་འཛིན་ཊོམ་གྱིས་གནས་སྟངས་དེ་འགྱུར་བ་གཏོང་འདོད་ཡོད་པ་རེད་ཅེས་བརྗོད་འདུག

རྒྱ་ནག་གི་མཁས་པ་ཚོས། ཨ་རིས་དེ་སྔ་ནས་རྒྱ་ནག་དང་ཨུ་རུ་སུ་གཉིས་བར་འགལ་ཟླ་དང་། ཡང་ན་ཕྱོགས་གཉིས་བར་རྒྱང་ཐག་རིང་པོ་གནས་ཐབས་ལ་འབད་བརྩོན་བྱེད་ཀྱི་ཡོད་པ་ལྟར། ཊོམ་སྲིད་གཞུང་གིས་ཀྱང་ཨུ་རུ་སུ་དང་རྒྱ་ནག་ལ་དུས་གཅིག་ཏུ་ཁ་གཏད་གཅོག་མི་ཐུབ་པས། སྔར་བཞིན། རྒྱ་ནག་དང་ཨུ་རུ་སུ་གཉིས་ཀྱི་བར་འབྲེལ་ལམ་ཉེ་རུ་གཏོང་འདོད་བྱེད་ཀྱི་མེད་པར་བརྗོད་འདུག

ཨུ་རུ་སུའི་སྲིད་འཛིན་གྱི་སློབ་སྟོན་པ་ཕུ་ཤི་ཀོབ་(Pushkov) ཀྱིས་ཀྱང་། ཉེ་ཆར་ཊེ་ལི་གྷི་རམ་(Telegram) ཐོག ཨུ་རུ་སུ་སྟོབས་ཆེན་རྒྱལ་ཁབ་བདུན་གྱི་ཚོགས་པའི་ནང་ཕྱིར་ལོག་ཏུ་བཅུག་ནས། སྲིད་འཛིན་ཊོམ་གྱིས་ཨུ་རུ་སུ་དང་རྒྱ་ནག་དབར་གྱི་མཉམ་ལས་བྱེད་ཤུགས་ཆུང་དུ་གཏོང་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅེས་བརྗོད་འདུག

དེ་བཞིན། རྒྱ་ནག་གི་དྲྭ་ཐོག་རྩོམ་པ་པོ་གྲགས་ཅན་ཞིག་གིས། རྒྱ་ནག་དང་ཨུ་རུ་སུའི་བར་གྱི་མཉམ་ལས་བྱེད་ཤུགས་ཆེ་རུ་འགྲོ་བཞིན་པ་ནི་ཨ་རི་དང་ནུབ་ཕྱོགས་རྒྱལ་ཁབ་ཚོའི་འཇིགས་སྣང་ཞིག་ཆགས་ཀྱི་ཡོད་པ་དང་། སྲིད་འཛིན་ཊོམ་གྱིས་ཨུ་རུ་སུ་དང་རྒྱ་ནག་གི་མཉམ་ལས་དང་དེའི་ཉེན་ཁ་དེ་གསལ་བོ་ཤེས་ཀྱི་ཡོད་པ་མ་ཟད། ཊོམ་གྱིས་བྷ་ཌན་སྲིད་གཞུང་གིས་ལྐུགས་པ་ལྟར་རྒྱ་ནག་དང་ཨུ་རུ་སུ་གཉིས་དུས་གཅིག་ལ་བཙིར་བར་སྐྱོན་བརྗོད་བྱས་ཡོད་པ་རེད་ཅེས་བརྗོད་འདུག

གཞན་ཡང་། ཉེ་ཆར་རྒྱ་གར་གྱི་(NDTV) བརྙན་འཕྲིན་ཁང་གིས་སྲིད་ཟུར་བློ་བཟང་སེང་གེ་ལ་བཅར་འདྲི་ཞིག་བྱེད་པའི་སྐབས་སུ། སྲིད་ཟུར་གྱིས་ཡུག་རེན་དང་ཨུ་རུ་སུའི་དམག་འཁྲུག་གི་ཁྲོད། རྒྱ་ནག་གིས་ཨུ་རུ་སུ་རྒྱལ་ཁ་ཐོབ་པར་འདོད་བློ་ཁེངས་པའི་རོགས་པ་བྱེད་ཀྱི་མེད་པ་དང་། དམག་འཁྲུག་རྒྱུན་བསྲིངས་ན། ཡུག་རེན་དང་ཨུ་རུ་སུ་ཙམ་མ་ཟད། ཨ་རི་དང་ཡུ་རོབ་བཅས་ཀྱང་ཉམས་རྒུད་དུ་འགྲོ་ཡི་ཡོད་པར་བརྟེན། རྒྱ་ནག་གིས་རྡོ་གཅིག་གིས་བྱིའུ་བཞི་གསོད་འདོད་བྱེད་ཀྱི་ཡོད་ཅིང་། དམག་འཁྲུག་མཇུག་བསྒྲིལ་ན་རྒྱ་ནག་ལ་ཁེ་ཕན་མེད་པ་དང་། རྒྱ་ནག་གིས་དམག་མཚམས་འཇོག་འདོད་བྱེད་ཀྱི་ཡོད་མ་རེད་ཅེས་བརྗོད་འདུག

གསར་འགོད་པ། བློ་བཟང་རྒྱ་མཚོ།