རྒྱ་ནག་གིས་ལྷོ་རྒྱ་ནག་རྒྱ་མཚོར་མཚོན་ཆ་དབོར་འདྲེན་བྱས་ཟིན་པ།
དེ་སྔོན་རྒྱ་ནག་གིས་ལྷོ་རྒྱ་ནག་རྒྱ་མཚོའི་གླིང་ཕྲན་སྟེང་དུ་མཚོན་ཆ་འཇོག་ཡུལ་གྱི་རྟེན་གཞི་ཁག་ཅིག་བརྒྱབ་ཟིན་ཡོད་པ་དང་། ཉེ་བའི་ཆར་རྒྱ་ནག་གིས་བདག་བཟུང་བྱེད་བཞིན་པའི་གླིང་ཕྲན་བདུན་གྱི་ཐོག་དམག་གི་མཚོན་ཆ་དངོས་སུ་དབོར་འདྲེན་བྱས་ཟིན་ཡོད་འདུག
ཟླ་འདིའི་ཚེས་༡༤ ཉིན་གྱི་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། དེ་སྔོན་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གིས་ལྷོ་རྒྱ་ནག་རྒྱ་མཚོར་དམག་གི་རྟེན་གཞི་མི་འཛུགས་རྒྱུ་ཁས་ལེན་བྱས་ཡོད་འདུག་ཀྱང་། ཉེ་བའི་ཆར་རྒྱུ་སྐར་ལས་བརྒྱབ་པའི་པར་ནང་དུ། དམག་གི་གནམ་གྲུ་དང་འཕུར་མདའ་སོགས་འགོག་བྱེད་ཀྱི་མེ་མདའ་དབོར་འདྲེན་བྱས་ཟིན་པ་ཐེབས་ཡོད་འདུག
པར་དེ་དག་འགྲེམས་མཁན་ཨ་རིའི་སྡེ་ཚན་དེས་རྒྱ་ནག་གི་ལག་ཆ་དེ་དག་ལས་རྒྱ་ནག་གིས་བཅོས་མའི་གླིང་ཕྲན་དེ་དག ལྷོ་རྒྱ་ནག་རྒྱ་མཚོའི་ནང་ངེས་མེད་ཀྱི་དམག་ཤོར་ཚེ་སྲུང་སྐྱོབ་བྱེད་ཆེད་ཡིན་པ་གསལ་པོ་ཆགས་པ་དང་། དེ་བཞིན་མཚོན་ཆ་དེ་དག་ཨ་རི་སོགས་ཀྱིས་མཚོ་ལས་དྲག་རྒོལ་བྱས་ཚེ། འགོག་སྲུང་བྱེད་ཆེད་ཡིན་སྐོར་འགྲེལ་བརྗོད་བྱས་འདུག
རྒྱ་ནག་གཞུང་གིས་ད་ལྟའི་ཆར་རྒྱལ་སྤྱིའི་བརྒྱུད་ལམ་ཁག་གི་གནད་དོན་དེ་དང་འབྲེལ་བའི་དྲི་བར་ལན་འདེབས་གང་ཡང་བྱས་མེད་པ་རེད་འདུག
ཕྱི་ལོ་༢༠༡༥ ལོའི་ཟླ་༩ པའི་ནང་སྲིད་འཛིན་ཞི་ཅིན་ཕིང་ཨ་རིར་སྐོར་བསྐྱོད་སྐབས། ཁོང་གིས་རྒྱ་ནག་ལ་གླིང་ཕྲན་དེ་དག་ལ་དམག་གི་རྟེན་གཞི་འཛུགས་རྒྱུའི་དམིགས་ཡུལ་མེད་ཀྱང་། ཁུལ་དེ་དག་རྒྱ་ནག་གི་མངའ་ཁོངས་ཡིན་པས་སྲུང་སྐྱོབ་ཆེད་དགོས་ངེས་ཀྱི་འཆར་གཞི་དགོས་ཀྱི་ཡོད་སྐོར་བརྗོད་ཡོད་འདུག
ལོ་འདིའི་ཟླ་༨ པའི་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་ཟླ་༧ པའི་ཟླ་མཇུག་ཏུ་འཕྲུལ་སྐར་གྱིས་ལྷོ་རྒྱ་ནག་རྒྱ་མཚོར་རྒྱ་ནག་གིས་བཟོས་པའི་བཅོས་མའི་གླིང་ཕྲན་པར་བརྒྱབ་པ་རྣམས་དྲ་ཐོག་ཏུ་བཏང་ཡོད་པ་དང་། དེ་དག་ལས་རྒྱ་ནག་གིས་གླིང་ཕྲན་དེར་གནམ་གྲུ་འཇོག་ཁང་གསུམ་གསར་དུ་འཛུགས་སྐྲུན་བྱས་ཚར་གྲབས་ཡོད་འདུག གནམ་དམག་འགོག་རྒོལ་གྱི་འཕྲུལ་ཆས་འཇོག་སའི་ཁང་བརྩེགས་ཁ་ཤས་ཀྱང་བརྒྱབ་ཟིན་ཡོད་པ་དང་། དེ་བཞིན་བཀོལ་སྤྱོད་བྱེད་ཐུབ་པའི་གནས་སྟངས་འོག་ཡོད་པའི་མཚོ་དམག་གྲུ་གཟིངས་འཇོག་སའི་ས་ཚུགས་གསུམ་གསར་དུ་བཟོས་ཡོད་འདུག
སྐབས་དེར་ཉེ་བའི་ཟླ་ཤས་རིང་ཝེ་ཏི་ནམ་གྱིས་གསང་བའི་ངང་ལྷོ་རྒྱ་ནག་རྒྱ་མཚོའི་ནང་དུ་ཡོད་པའི་རང་ཁོངས་ཀྱི་གླིང་ཕྲན་ཆུང་ཆུང་ཁ་ཤས་ཐོག་ཏུ། མེ་ཤུགས་འཕུར་མདའ་གཏོང་བྱེད་ཀྱི་འཕྲུལ་འཁོར་གནས་གཞི་ཁག་ལྔར་དབོར་འདྲེན་བྱས་ཟིན་ཡོད་ཅིང་། མེ་ཤུགས་འཕུར་མདའ་གཏོང་བྱེད་ཀྱི་འཕྲུལ་འཁོར་དེ་དག་བར་སྣང་ལྟ་སྲུང་ལས་གཡོལ་ཐུབ་པ་བྱུང་འདུག་པ་དང་། ད་ལྟའི་ཆར་འཕྲུལ་འཁོར་དེ་དག་ལ་མཚོན་ཆ་སྤྲས་མེད་ཀྱང་། ཉིན་གཉིས་གསུམ་ནང་ཚུད་ལ་མེ་ཤུགས་འཕུར་མདའ་གཏོང་ཐུབ་པ་ཆགས་རྒྱུ་ཡིན་སྐོར་གྱི་གནས་ཚུལ་ཡང་ཐོན་ཡོད་པ་རེད།
ལྷོ་རྒྱ་ནག་རྒྱ་མཚོའི་བདག་དབང་ཐོག་ལྷོ་ཤར་ཨེ་ཤེ་ཡའི་རྒྱལ་ཁབ་ཝེ་ཏི་ནམ་དང་། རྒྱ་ནག ཧྥི་ལི་པིན་སོགས་ཀྱིས་རྩོད་ལེན་བྱེད་ཀྱི་ཡོད་པ་དང། དེ་བཞིན་རྒྱ་མཚོ་དར་གླིང་ཕྲན་གཉིས་ཡོད་པས། དེ་གཉིས་ཐོག་ལ་ཡང་ལོ་རྒྱུས་བཤད་སྟངས་ཐོག་བདག་དབང་ལ་རྩོད་རྙོག་ཡོང་གི་ཡོད་པ་རེད།
ཕྱི་ལོ་༢༠༡༣ ནས་རྒྱ་ནག་གིས་ལྷོ་རྒྱ་ནག་རྒྱ་མཚོའི་གཏིང་ནས་རྡོ་དང་བྱེ་མ་སོགས་ཕྱིར་འདོན་གྱི་ལས་གཞི་བརྩམས་ཏེ། གླིང་ཕྲན་ཞིག་བཟོ་འགོ་ཚུགས་པ་ཡོད་པ་དང་། ཨ་རིས་གླིང་ཕྲན་དེ་དམག་འཐབ་ཀྱི་རྟེན་གཞི་ཡིན་པར་དོགས་པ་བྱེད་ཀྱི་ཡོད་ཀྱང། རྒྱ་ནག་ནས་དོགས་པ་དེར་ངོས་ལེན་བྱེད་ཀྱི་མེད་པ་རེད། དེ་བཞིན་ ཨེ་ཤི་ཡའི་རྒྱལ་ཁབ་ཧྥི་ལི་པིན་གྱིས་རྒྱལ་སྤྱིའི་བར་འདུམ་ཁྲིམས་ཞིབ་ཁང་ལ་རྒྱ་ནག་གིས་ལྷོ་རྒྱ་ནག་རྒྱ་མཚོའི་བདག་དབང་རྩེད་ལེན་དང་རྒྱ་ནག་གི་བྱ་སྤྱོད་ལ། ཁ་མཆུ་བཙུགས་ཡོད་པ་དང་། ལོ་འདིའི་ཟླ་༧ པའི་ཚེས་༡༢ ཉིན་ཁྲིམས་ཞིབ་ཁང་དེས། རྒྱ་ནག་གཞུང་གིས་ཕྱི་ལོ་༡༩༤༠ ལོར་ལྷོ་རྒྱ་ནག་རྒྱ་མཚོའི་ནང་ཤར་ཐིག་དགུ་ཟེར་བའི་ས་ཁྲ་ཞིག་གཏན་འབེབས་བྱས་ཡོད་པ་དེའི་ནང་གི་ཆུ་དང་ཐོན་ཁུངས་སོགས་ལ། ལོ་རྒྱུས་དང་ཁྲིམས་ཐོག་ནས་རྒྱ་ནག་ལ་བདག་དབང་གི་གཞི་རྩ་མེད་པ་མ་ཟད། ཧྥི་ལི་པིན་གྱི་བདག་དབང་རྩིས་མེད་གཏོང་གི་ཡོད་པའི་བཅད་ཁྲ་བཏང་འདུག འོན་ཀྱང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གིས་རྒྱ་ནག་གི་བདག་དབང་རྩོད་ལེན་ལ་བཅད་ཁྲ་དེས་ཤུགས་རྐྱེན་སྤྲོད་ཐུབ་ཀྱི་མེད་པ་དང་། གནད་དོན་དེ་ཁྱིམ་མཚེས་རྒྱལ་ཁབ་ཁག་གི་བར་སེལ་ཐབས་བྱེད་རྒྱུ་ཡིན་སྐོར་བརྗོད་འདུག
ད་བར་རྒྱལ་སྤྱིའི་འགྲོ་བ་མའི་ཐོབ་ཐང་གི་ལྷན་ཚོགས་དང་ཁྲིམས་ཞིབ་ཁང་། དེ་བཞིན་བར་འདུམ་ཁྲིམས་ཞིབ་ལྷན་ཁང་ལྟ་བུས། རྒྱ་ནག་ལ་ཁ་གཏད་པའི་བཅད་ཁྲ་དང་སྙན་ཐོ་མང་པོ་བཏོན་ཡོད་ཀྱང་། རྒྱ་ནག་གི་དཔལ་འབྱོར་དང་དམག་གི་སྟོབས་ཤུགས་རྐྱེན་པས། དེ་དག་གིས་རྒྱ་ནག་ལ་གནོན་ཤུགས་གང་ཡང་སྤྲོད་ཐུབ་ཀྱི་མེད་པ་རེད།།
གསར་འགོད་པ་སྐལ་བཟང་དོན་གྲུབ།