རྒྱ་ནག་གིས་སི་ཝེ་ཌོན་གྱི་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ་ཞིག་གློད་གྲོལ།

རྒྱ་ནག་གིས་གློད་གྲོལ་བཏང་བའི་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ་སི་ཝེ་ཌན་གྱི་མི་སེར་པེ་ཊིར་རང་ཉིད་ཀྱི་ལུང་པར་འབྱོར་ཡོད་པ་དང། དེ་གར་རླུང་འཕྲིན་ཁང་ཞིག་བརྒྱུད་ཁོང་གི་ལས་རོགས་རྣམས་གློད་གྲོལ་ཡོང་བའི་འབོད་སྐུལ་བྱས་འདུག

12583619_1096953དེ་ཡང་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་བ་ལྟར་ན། ཟླ་འདིའི་ཚེས་༤ ཉིན་རྒྱ་ནག་གི་བདེ་འཇགས་ལ་ཉེན་ཚབ་ཡོད་པའི་ལས་ཀ་བྱས་པའི་ཉེས་མིང་འོག ཁོང་གནམ་ཐང་ནས་འཇུ་བཟུང་བཀག་ཉར་བྱས་ཡོད་པ་རེད།
པེ་ཊིར་ནི་སི་ཝེ་ཌན་གྱི་མི་སེར་ཡིན་པ་དང་། དེ་སྔོན་ཁོང་གིས་རྒྱ་ནག་ལས་འགུལ་ཁང་ཞེས་པའི་ཁྲིམས་དོན་རྒྱབ་སྐྱོར་ཚོགས་པ་ཞིག་གི་ཚོགས་གཙོ་ཡིན་འདུག ཚོགས་པ་དེས་གྲོང་གསེབ་ཁག་ནང་ལག་འཁྱེར་མེད་པའི་ཁྲིམས་རྩོད་པ་ཚོར་རོགས་སྐྱོར་དང། མི་སྒེར་དང་དབང་པོ་སྐྱོན་ཅན་གྱི་མི་སུ་ལ་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གྱི་དཀའ་ངལ་འཕྲད་ན། ཚོགས་པ་དེས་ཁྲིམས་ཀྱི་རོགས་སྐྱོར་བྱེད་ཀྱི་ཡོད་འདུག

ཟླ་འདིའི་ཚེས་༢༠ ཉིན་རྒྱ་ནག་གཞུང་འབྲེལ་བརྙན་འཕྲིན་ཁང་གིས། ཁོང་གིས་འགྱོད་བཤགས་བྱས་པའི་བརྙན་ཐུང་ཞིག་བསྟན་ཡོད་པ་དེའི་ནང་། ཁོང་གིས་ངས་རྒྱ་ནག་གཞུང་ལ་གནོད་སྐྱོན་དང་རྒྱ་མི་རིགས་ཀྱི་སེམས་ལ་ཕོག་ཐུག་བཏང་ཡོད་པས། ངས་སེམས་ཁོང་གཏིང་ནས་དགོངས་དག་ཞུ་རྒྱུ་ཡིན་ཞེས་བརྗོད་ཡོད་པ་དང། ཟླ་འདིའི་ཚེས་༢༦ ཉིན་གློད་གྲོལ་བཏང་ཡོད་པ་རེད།

རྒྱ་གཞུང་གིས་བཀག་ཉར་བྱས་པའི་མི་རྣམས་གཞུང་འབྲེལ་གྱི་བརྙན་འཕྲིན་སྟེང། འགྱོད་བཤགས་བྱེད་དུ་བཅུག་པ་ཐེངས་མང་བྱུང་ཡོད་པ་རེད། དེ་སྔོན་བོར་བརླག་ཕྱིན་པའི་ཧོང་ཀོང་གི་དེབ་ཚོང་མཁན་གྷའུ་ཡིས་རྒྱ་ནག་གཞུང་འབྲེལ་བརྙན་འཕྲིན་སྟེང། ཁོང་རང་མོས་ནས་རྒྱ་གཞུང་ལ་རྩིས་སྤྲོད་བྱས་ཚུལ་དང། དེ་སྔོན་འཆང་རག་བཏུང་ནས་སྣུམ་འཁོར་བཏང་རྐྱེན་མི་བསད་ཡོད་ཚུལ་གྱི་འགྱོད་བཤགས་བྱས་ཡོད་པ་རེད།

སྐུ་ཞབས་པེ་ཊིར་གྱི་ཚོགས་པས། ཁོང་གི་འགྱོད་བཤགས་ནི་བཙན་དབང་ཐོག་ནས་བྱས་པ་ཡིན་ཚུལ་འགྲེལ་བརྗོད་བྱས་འདུག

རྒྱ་གཞུང་གིས་རྒྱ་ནག་གི་ཁྲིམས་རྩོད་པ་སོགས་འཛིན་བཟུང་བཀག་ཉར་བྱེད་བཞིན་ཁར། ཕྱི་རྒྱལ་མི་རིགས་ཀྱི་གསར་འགོད་པ་དང་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ་སོགས། རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཉེན་ཁ་ཡོད་ཚུལ་བརྗོད་ནས་ཕྱིར་འབུད་བྱེད་བཞིན་ཡོད་པ་རེད།།
གསར་འགོད་པ་སྐལ་བཟང་དོན་གྲུབ།