རྒྱ་ནག་གིས་སྲིད་སྐྱོང་དང་བོད་དོན་དམིགས་བསལ་འབྲེལ་མཐུད་པའི་ཐུག་འཕྲད་ལ་སྐྱོན་བརྗོད་བྱས་འདུག
ཉེ་ཆར་ཨ་རིའི་ཊོམ་སྲིད་གཞུང་གིས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་བྱས་ཡོད་པ་དང་། སྲིད་སྐྱོང་བློ་བཟང་སེང་གེས་ཁོང་དང་ཐུག་འཕྲད་ཀྱིས་བཀའ་མོལ་གནང་ཡོད་པས། རྒྱ་ནག་གཞུང་གིས་ཨ་རིའི་གཞུང་གི་ལས་དོན་ལ་སྐྱོན་བརྗོད་དང་། སྲིད་སྐྱོང་དང་དམིགས་བསལ་འབྲེལ་མཐུད་པ་ཐུག་འཕྲད་ལ་སྐྱོན་བརྗོད་བྱས་འདུག་པ་མ་ཟད། རྒྱ་གར་གྱིས་ཐའེ་ཝན་དང་ཚོང་དོན་གྲོས་མོལ་བྱེད་འཆར་ལ་ཡང་དགག་བྱ་བྱས་འདུག
ཟླ་༡༠ པའི་ཚེས་༢༡ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཅིག་ཏུ་གནས་ཚུལ་སྤེལ་གསལ། ཚེས་༢༠ ཉིན་རྒྱ་ནག་གི་འཆར་ཅན་གྱི་གསར་འགོད་ལྷན་ཚོགས་སྐབས་སུ། ཉེ་ཆར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་དང་གསར་དུ་བསྐོ་གཞག་བྱས་པའི་ཨ་རིའི་བོད་དོན་དམིགས་གསལ་འབྲེལ་མཐུད་པ་རོ་བྷེར་ཊི་ཌེ་སི་ཊི་རོ་གཉིས་ཀྱི་ཐུག་འཕྲད་སྐོར་དྲི་བ་དྲིས་སྐབས། རྒྱ་ནག་གི་ཕྱི་སྲིད་ལས་ཁང་གི་མགྲིན་ཚབ་པ་ཀྲའོ་ལི་ཇེན་(Zhao Lijian) གྱིས། བོད་ཀྱི་ལས་དོན་ནི་རྒྱ་ནག་གི་ནང་སྲིད་གནད་དོན་རང་ཡིན་པས། ཕྱི་ལོགས་ཀྱི་དབང་ཤུགས་ནས་ཐེ་བྱུས་བྱེད་ཆོག་གི་མེད་པ་དང་། བོད་དོན་དམིགས་བསལ་འབྲེལ་མཐུད་པ་ཞེས་པ་བསྐོ་གཞག་བྱས་པ་དེ་ནི་ཨ་རིས་ཆབ་སྲིད་ཀྱི་ངན་བྱུས་ཤིག་ཡིན་པ་དང་། བོད་ནང་གི་འཕེལ་རྒྱས་དང་བརྟན་ལྷིང་ལ་གཏོར་སྐྱོན་བཟོ་བའི་དམིགས་ཡུལ་བཅང་བ་ཡིན་པ། རྒྱ་ནག་གིས་ད་བར་བསྐོ་གཞག་དེ་ལ་དགག་བྱ་ཆེན་པོ་བྱས་ཡོད་ཁར། ངོས་འཛིན་ནམ་ཡང་བྱེད་མྱོང་མེད་པས། ཨ་རིར་དེའི་སྐོར་དགག་བྱ་ཡོད་པའི་བརྡ་ལན་བཏང་ཡོད་སྐོར་བརྗོད་འདུག
དེ་བཞིན་ཁོང་གིས་བཙན་བྱོལ་བོད་གཞུང་ཟེར་བ་དེ་ནི་ཁ་བྲལ་བའི་སྲིད་དོན་ཚོགས་པ་ཞིག་ཡིན་པ་དང་། དེས་བོད་རང་བཙན་ཐོབ་ཆེད་དུ་གྲུབ་འབྲས་མེད་པའི་ལས་དོན་སྤེལ་དང་སྤེལ་བཞིན་ཡོད་པས། དེས་རྒྱ་ནག་གི་རྩ་ཁྲིམས་དང་ཁྲིམས་སྒྲིག་རྩིས་མེད་བཏང་ཡོད་པ། འཛམ་གླིང་ནང་རྒྱལ་ཁབ་སུ་གང་གིས་ངོས་ལེན་བྱས་མེད་པ། དེའི་འགོ་ཁྲིད་བློ་བཟང་སེང་གེ་ནི་རྒྱ་ནག་ལ་ངོ་རྒོལ་བྱེད་མཁན་ཁ་བྲལ་རིང་ལུགས་པ་ཞིག་ཡིན་པས། རྒྱ་ནག་གིས་བློ་བཟང་སེང་གེ་ཡིས་རྒྱལ་ཁབ་གང་དུའང། མིང་དང་གོ་གནས་གང་གི་ཐོག་ནས་ཀྱང་རྒྱ་ནག་ལ་ཁ་གཏད་ཀྱི་ལས་འགུལ་སྤེལ་ཚེ་ངོ་རྒོལ་ཡོད་པ་དང་། རྒྱལ་ཁབ་ཁག་གི་ལས་བྱེད་དང་ཁོང་ཐུག་འཕྲད་རིགས་གང་འདྲ་ཞིག་བྱེད་ནའང་ངོ་རྒོལ་ཡོད་ཅེས་དང་། ཨ་རིའི་ངོས་ནས་བོད་ཀྱི་གནད་དོན་བེད་སྤྱོད་བྱས་ནས་རྒྱ་ནག་གི་ནང་སྲིད་ལ་ཐེ་བྱུས་བྱེད་རྒྱུ་མཚམས་འཇོག་དགོས་པ་དང་། སྲིད་སྐྱོང་བློ་བཟང་སེང་གེ་དང་བོད་དོན་དམིགས་བསལ་འབྲེལ་མཐུད་པ་གཉིས་ཀྱི་ཐུག་འཕྲད་དེས། བོད་རང་བཙན་འཐབ་རྩོད་བྱེད་མཁན་ཚོར་བརྡ་ལན་ནོར་བ་སྤྲོད་སྲིད་སྐོར་བརྗོད་འདུག
དེ་ཡང་ཟླ་༡༠ པའི་ཚེས་༡༦ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེའི་ངོ་དེབ་ཐོག་ཏུ། ཨ་རི་གཞུང་གིས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་གནང་བ་སྐུ་ཞབས་རོ་བྷོར་ཊི་སི་ཊི་རོ་ Robert A. Destro དང་ལྷན་དེ་རིང་ཨ་རི་ཕྱི་སྲིད་ལྷན་ཁང་དུ་མཇལ་འཕྲད་བྱུང་བ་དགའ་ཚོར་ཆེན་པོ་བྱུང་། ལོ་ངོ་བཅུ་ཕྲག་དྲུག་ཙམ་རྗེས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་ཨ་རི་ཕྱི་སྲིད་ལྷན་ཁང་ནང་དུ་མགྲོན་འབོད་གནང་བ་ཐེངས་དང་པོ་དེ་ཆགས་ཡོད། ངས་བོད་མིའི་སྒྲིག་འཛུགས་ཀྱི་ཚབ་ཞུས་ཏེ་ཨ་རི་ཕྱི་སྲིད་ལྷན་ཁང་ནས་མང་གཙོའི་ལམ་སྲོལ་ཐོག་ནས་འདེམས་ཐོན་བྱུང་བའི་བོད་མིའི་སྒྲིག་འཛུགས་ཀྱི་འགོ་ཁྲིད་ལ་ཆེ་བསྟོད་དང་ངོས་ལེན་གནང་བ་དང་། དེ་བཞིན་ཨ་རིའི་ཕྱི་སྲིད་དྲུང་ཆེ་སྐུ་ཞབས་མེག་པོམ་པེ་ཡིས་ཐུག་འཕྲད་དེར་བཀའ་ཁྲོལ་གནང་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན། དེ་རིང་གི་མཇལ་འཕྲད་ནི་ལོ་རྒྱུས་རང་བཞིན་ཅན་ཞིག་ཆགས་ཡོད་ཅེས་བཀོད་འདུག་པས། བོད་མི་ཚོས་དགའ་བསུ་ཆེན་པོ་ཞུས་ཡོད་པ་རེད།
དེ་བཞིན་གསར་འགོད་ལྷན་ཚོགས་དེའི་སྐབས་སུ་རྒྱ་གར་གྱིས་ཐའེ་ཝན་དང་ཚོང་དོན་གྲོས་མོལ་བྱེད་འཆར་ཡོད་པའི་གནད་དོན་དང་འབྲེལ་ནས། རྒྱ་ནག་གཅིག་གྱུར་གྱི་སྲིད་བྱུས་དེར་རྒྱལ་སྤྱིའི་ཐོག་ནས་མོས་མཐུན་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་དང་། དེའི་ནང་རྒྱ་གར་ཡང་ཚུད་ཀྱི་ཡོད་པས། རྒྱ་གར་གྱིས་ཐའེ་ཝན་གནད་དོན་དེར་མ་འོངས་ཀྱི་བསམ་བློ་ལྡན་པའི་ཐོག་ནས་ལག་བསྟར་ཚུལ་འཚམས་པོ་བྱེད་དགོས་སྐོར་བརྗོད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།