རྒྱ་ནག་གིས་ཧིན་བོད་ས་མཚམས་སུ་དམག་གི་རྟེན་གཞི་མང་པོ་ཞིག་གསར་རྒྱག་བྱས་ཡོད་འདུག 

རྒྱ་གར་གྱི་གནམ་དམག་སྡེ་ཚན་ནས་བརྗོད་དོན་ལ་རྒྱ་ནག་གིས་ཧིན་བོད་ས་མཚམས་སུ་མཁའ་དམག་གནམ་གྲུའི་འབབ་ཚུགས་སམ་དམག་གི་རྟེན་གཞི་མང་པོ་ཞིག་གསར་རྒྱག་དང་ཡར་རྒྱས་གཏོང་བཞིན་ཡོད་པ་འཁོར་སྐར་བརྒྱུད་ནས་ཤེས་རྟོགས་བྱུང་ཡོད་པར་བརྗོད་འདུག

ཕྱི་ཚེས་༢༤ ཉིན་(NDTV)གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ད་ཆར་རྒྱ་ནག་གིས་ཧིན་བོད་ས་མཚམས་སུ་དམག་གི་རྟེན་གཞི་ཇེ་མང་དུ་གཏོང་བཞིན་ཡོད་འདུག་ཅིང་། ཧི་མ་ལ་ཡའི་མཐའ་འཁོར་ཡོངས་རྫོགས་ནས་རྒྱ་ནག་གིས་གནམ་དམག་འབབ་ཚུགས་གསར་རྒྱག་དང་། གྲོང་ཚོ་གསར་འཛུགས། དམག་སྦྱོང་ཇེ་མང་དུ་གཏོང་བཞིན་ཡོད་པར་བརྗོད་འདུག ཉེ་ཆར་རྒྱ་གར་གྱི་གནམ་དམག་སྡེ་ཚན་ནས་འཁོར་སྐར་བརྒྱུད་ནས་ཤེས་རྟོགས་བྱུང་གསལ་ལ། ཕྱི་ལོ་༢༠༡༦ ནས་ཕྱི་ལོ་༢༠༢༤ བར་བོད་ནང་རྒྱ་ནག་གཞུང་གིས་བོད་ནང་དང་ཧི་མ་ལ་ཡའི་ཉེ་འཁོར་དུ་གནམ་དམག་འབབ་ཚུགས་མང་པོ་ཞིག་གསར་རྒྱག་བྱས་ཟིན་ཡོད་འདུག་ཅིང་། དཔེར་ན། ཕྱི་ལོ་༢༠༡༦ ལོར་དིང་རི། ལྷུན་རྩེ། དེ་བཞིན་ཡུ་གུར་གྱི་ཡར་ཀན་ཐི་དང་(Yarkant)། ཕྱི་ལོ་༢༠༡༩ ལོར་ཡུ་གུར་ཡུ་ཏི་ཡན།(Yutian) གཞན་ཡང་ཕྱི་ལོ་༢༠༢༡ ལོར་སྤུ་རངས་བཅས་སུ་དམག་གི་རྟེན་གཞི་གསར་རྒྱག་བྱས་ཡོད་པར་བརྗོད་འདུག ད་ཆར་གོང་གསལ་གྱི་མཁའ་དམག་གནམ་གྲུ་འབབ་ཚུགས་ཚང་མ་སྔར་དང་མི་འདྲ་བའི་ཡར་རྒྱས་ཚད་མཐོན་པོ་བཏང་ཟིན་ཡོད་པ་ཤེས་རྟོགས་བྱུང་འདུག་པ་དང་། དེ་བཞིན་རྒྱ་གར་གཞུང་གི་གནམ་དམག་སྡེ་ཚན་གྱིས་ལྟ་ཞིབ་ནན་པོ་བྱེད་བཞིན་ཡོད་པ་གོང་གསལ་གསར་ཁང་ལ་བརྗོད་འདུག རྒྱ་ནག་གི་གནམ་དམག་རྟེན་གཞི་དེ་དག་ནི་རྒྱ་གར་གི་བདེ་འཇགས་ལ་ཉེན་ཁ་ཆེན་པོ་ཡོད་ཅིང་། རྒྱ་གར་གྱི་ས་མཚམས་དང་ཧ་ཅང་ཐག་ཉེ་སར་ཡོད་པར་བརྗོད་འདུག 

རྒྱ་གར་གྱི་གནམ་དམག་སྡེ་ཚན་གྱི་ཉམས་ཞིབ་པ་(Damien Symon)ཡིས་རྒྱ་ནག་གིས་ཧིན་བོད་ས་མཚམས་སུ་དམག་གི་རྟེན་གཞིའི་འཛུགས་སྐྲུན་ལས་གཞི་ཇེ་མང་དུ་འགྲོ་བཞིན་པ་དང་། ཧིན་བོད་ས་མཚམས་ཀྱི་བར་གནས་ས་ཁུལ་གྱི་ཉེ་འགྲམ་དུ་གསར་རྒྱག་བྱེད་བཞིན་པ་ནི་དམག་བྱུས་གལ་ཆེན་གཅིག་ཡིན་པར་བརྗོད། ཉམས་ཞིབ་པ་ཁོང་ནི་ཧིན་བོད་ས་མཚམས་སུ་འཁོར་སྐར་བརྒྱུད་ནས་རྒྱ་ནག་གི་དམག་གི་རྟེན་གཞིའི་འཛུགས་སྐྲུན་ལས་གཞི་དང་། དམག་མིའི་བྱ་སྤྱོད་སྐོར་ཉམས་ཞིབ་བྱེད་མཁན་ཞིག་ཡིན་འདུག ཁོང་གིས་དེ་སྔོན་ཡིན་ན་ཧིན་བོད་ས་མཚམས་སུ་རྒྱ་གར་གྱི་དམག་གི་རྟེན་གཞི་མང་བ་ཡོད་ཀྱང་། ད་ཆར་རྒྱ་ནག་གི་འཛུགས་སྐྲུན་ལས་གཞི་དེ་དག་ལ་བལྟས་ན་རྒྱ་ནག་གིས་འཛུགས་སྐྲུན་རྒྱ་ཆེ་བ་དང་། དོ་སྣང་ཆེ་བ་སྤྲོད་བཞིན་ཡོད་པར་བརྗོད་འདུག 

རྒྱ་གར་གྱི་གནམ་དམག་གི་འགོ་དཔོན་ཟུར་པ་(Marshal Anil Khosla)ཟེར་བ་ཁོང་གིས་ད་ལྟ་བོད་ནང་རྒྱ་ནག་གིས་བདེ་སྲུང་ཆེད་དུ་འཛུགས་སྐྲུན་ལས་གཞི་གང་བྱེད་ཀྱི་ཡོད་མེད་སྐོར་ཉམས་ཞིབ་བྱེད་ཀྱི་ཡོད་འདུག་པ་དང་། ཁོང་ནས་རྒྱ་ནག་གཞུང་གིས་གསར་རྒྱག་བྱས་པའི་དིང་རི་དང་ལྷུན་རྩེར་ཡོད་པའི་དམག་གི་རྟེན་གཞི་དེ་གཉིས་ནི་ཧིན་བོད་གཉིས་ཀྱི་བར་གནས་ས་ཁུལ་ལས་རྒྱང་ཐག་སྤྱི་ལེ་༢༥ ནས་༡༥༠ བར་ཆགས་ཡོད་པར་བརྟེན། གལ་སྲིད་ས་མཚམས་སུ་དམག་འཁྲུག་འདྲ་བྱུང་ན་རྒྱ་ནག་གི་གནམ་དམག་དུས་ཡུན་ཐུང་ཐུང་ནང་དམག་སར་འབྱོར་ཐུབ་པ་ཞིག་བཟོས་ཡོད་ཅིང་། གནམ་དམག་གི་རྟེན་གཞི་དེ་དག་ནས་རྒྱ་གར་ནང་གི་གནམ་དམག་གི་རྟེན་གཞི། དཔེར་ན། ཨ་རུ་ན་ཅལ་ནང་དང་། འབྲས་ལྗོངས། ཨུ་ཏར་ཁན། ལ་དྭགས་བཅས་ལ་དུས་ཡུན་ཐུང་ཐུང་ནང་ཡོང་ཐུབ་ཀྱི་ཡོད་པར་བརྗོད་འདུག ད་དུང་ཁོང་གིས་རྒྱ་ནག་གིས་བཟོས་པའི་བོད་ནང་གི་གནམ་དམག་རྟེན་གཞི་དེ་དག་བེད་སྤྱོད་གཉིས་རེ་གཏོང་རྒྱུ་ཡོད་པའི་གནམ་ཐང་རྐྱང་རྐྱང་ཡིན་ཞིང་། དང་པོ་དམག་གི་གནམ་གྲུའི་འབབ་ཚུགས་དང་། གཉིས་པ་དངོས་ཟོག་དབོར་འདྲེན་བྱེད་མཁན་གྱི་གནམ་གྲུ་ཆེ་བ་རྣམས་འབབ་ཐུབ་པ་བཟོས་ཡོད་པར་བརྗོད། དམག་གི་རྟེན་གཞི་དེ་དག་གི་ཁྲོད་ས་འོག་ཏུ་གོ་མཚོན་དང་སྣུམ་སོགས་མང་པོ་ཞིག་ཉར་ཐུབ་པའི་མཛོད་ཁང་ཆེན་པོ་དེ་འདྲ་བཟོས་ཡོད་པ་དང་། འཛུགས་སྐྲུན་ལས་གཞི་དེ་དག་ལ་བལྟས་ན་རྒྱ་ནག་གིས་ས་མཚམས་ཁུལ་དུ་གྲ་སྒྲིག་ཆེན་པོ་བྱེད་བཞིན་ཡོད་པར་བརྗོད་འདུག 

འོན་ཀྱང་། རྒྱ་ནག་ལ་དཀའ་ངལ་ཆེན་པོ་ཞིག་འཕྲད་ཀྱི་ཡོད་པ་ནི་བོད་མཐོ་སྒང་ནི་ས་ཁམས་ཀྱི་ཆ་ནས་ཧ་ཅང་ཁ་མཐོན་པོ་ཡིན་པར་བརྟེན། ས་ཁ་མཐོ་སར་རླུང་ཉུང་བ་ཡོད་པའི་རྐྱེན་གྱིས་གནམ་གྲུ་ཆེ་བ་རྣམས་འཕུར་རྒྱུ་ལ་དཀའ་ངལ་ཆེན་པོ་ཞིག་འཕྲད་བཞིན་ཡོད་པ་དང་། དངོས་ཟོག་མང་པོ་ཁུར་ཐུབ་ཀྱི་མེད་པར་བརྗོད་འདུག 

རྒྱ་གར་ལ་མཚོན་ན་ཧིན་བོད་ས་མཚམས་སུ་དམག་གི་རྟེན་གཞི་དང་། འཛུགས་སྐྲུན་ལས་གཞི་ཇེ་མང་དུ་གཏོང་བཞིན་ཡོད་འདུག་ཅིང་། གཞུང་ལམ་དང་། དྲྭ་རྒྱ། འཕྲུལ་རིགས་ཀྱིས་ས་མཚམས་སུ་ལྟ་ཞིབ། མི་མེད་གནམ་གྲུ། དམག་འཐབ་གནམ་གྲུ་སོགས་ཁྱོན་ཡོངས་ནས་སྔར་ལས་ལྷག་པའི་ཡར་རྒྱས་གཏོང་བཞིན་ཡོད་འདུག རྒྱ་ནག་གིས་ཀྱང་དམག་འཐབ་གནམ་གྲུ་དང་། མི་མེད་གནམ་གྲུ་སོགས་ཧ་ཅང་གི་ཚད་མཐོའི་འཕྲུལ་རིགས་བཟོ་སྐྲུན་བྱས་ནས་རྒྱ་དཀར་ནག་གཉིས་བར་གོ་མཚོན་དང་དམག་གི་སྟོགས་ཤུགས་ཐད་མངོན་གསལ་མེད་པའི་ཐོག་འགྲན་བསྡུར་ཤུགས་ཆེན་པོ་ཞིག་ཡོང་བཞིན་ཡོད་འདུག 

གསར་འགོད་པ། བསོད་ནམས་ཕུན་ཚོགས།