རྒྱ་ནག་གིས་ཧོང་ཀོང་གི་ལས་འགུལ་བ་༡༢ ལ་བཙོན་འཇུག་ཁྲིམས་ཐག་བཅད་འདུག

རྒྱ་ནག་གིས་འདི་ལོའི་ཕྱི་ཟླ་༨ པའི་ནང་ཧོང་ཀོང་ནས་ཐའེ་ཝན་དུ་བྲོས་བྱོལ་ལ་སྐྱོད་སྐབས་འཛིན་བཟུང་བྱས་པའི་ལས་འགུལ་བ་༡༠ ལ་ཟླ་བ་༧ ནས་ལོ་༣ བར་གྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག 

ཕྱི་ཟླ་༡༢ ཚེས་༣༠ ཉིན་བརྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་གསལ་དུ། རྒྱ་ནག་གིས་ཟླ་ཤས་སྔོན་དུ་ཧོང་ཀོང་ནས་ཐའེ་ཝན་དུ་བྲོས་བྱོལ་དུ་འགྲོ་སྐབས་འཛིན་བཟུང་བྱས་པའི་ལས་འགུལ་བ་༡༢ ལས་༡༠ ལ་ལོ་༣ ནས་ཟླ་བ་༧ བར་གྱི་བཙོན་འཇུག་ཁྲིམས་ཐག་བཅད་པ་དང་། གཉིས་ཁྲིམས་ལོ་ན་མ་ཟིན་བར་བརྟེན་ནས་ཧོང་ཀོང་དུ་ཕྱིར་སློག་གིས་དེ་གའི་ཉེན་རྟོག་པ་ལ་རྩིས་སྤྲོད་བྱས་ཡོད་འདུག

རྒྱ་ནག་གཞུང་གིས་འདི་ལོའི་ཕྱི་ཟླ་༦ པའི་ཟླ་སྨད་དུ་ཧོང་ཀོང་དུ་རྒྱལ་ཁབ་བདེ་འཇགས་ཀྱི་བཅའ་ཁྲིམས་ཞེས་པའི་ཁྲིམས་གསར་པ་ཞིག་གཏན་ལ་ཕབ་ནས་མང་གཙོ་དང་རང་དབང་གི་ལས་འགུལ་བ་རྣམས་གང་བྱུང་དུ་འཛིན་བཟུང་བཙོན་འཇུག་བྱེད་འགོ་བརྩམས་པར་བརྟེན། ཧོང་ཀོང་གི་ལས་འགུལ་བ་ ༡༢ ཁྲིམས་གསར་པ་དེ་ལ་སྐྲག་ནས་མཚོ་ཐོག་ནས་ཐའེ་ཝན་ལ་སྐྱབས་བཅོལ་ཞུ་རུ་འགྲོ་སྐབས། བཀེང་ཏུང་(Guangdon)གི་ཉེན་རྟོག་པས་འཛིན་བཟུང་བྱས་ཏེ་ད་བར་དུ་རྒྱ་ནག་སྐམ་ས་ཆེན་པོའི་ནང་དུ་ནང་མི་དང་། ནང་མིས་གླས་པའི་ཁྲིམས་རྩོད་པར་ཐུག་འཕྲད་བྱེད་དུ་མ་བཅུག་པར་བཀག་ཉར་བྱས་ཡོད། 

ཧོང་ཀོང་གི་ལས་འགུལ་བ་༡༢ རྒྱ་ནག་གིས་འཛིན་བཟུང་དང་བཀག་ཉར་བྱས་པའི་གནས་ཚུལ་དེར་རྒྱལ་སྤྱིའི་དོ་སྣང་དང་སེམས་ཁུར་ཤུགས་ཆེན་བྱུང་ནས། གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་གིས་རྒྱ་ནག་གཞུང་ལ་ལས་འགུལ་བ་རྣམས་གློད་གྲོལ་དགོས་པའི་དགོས་འདུན་རབ་དང་རིམ་པ་བཏོན་ན་ཡང་ཕན་ཐོགས་མ་བྱུང་བར་ཁྲིམས་ཐག་དེ་བཅད་ཡོད་འདུག 

ཧོང་ཀོང་གི་ལས་འགུལ་བ་དེ་དག་ལ་ཁྲིམས་ཐག་གཅོད་མཁན་ནི། ཧྲིན་ཀྲན་ཡན་ཏན་མི་དམངས་ཁྲིམས་ཁང་(The Shenzhen Yantian District People’s court)ཡིན་འདུག་ཅིང་། ཁྲིམས་ཁང་དེས་རང་ལོ་ ༣༡ ལ་སོན་པའི་ཁེ་ཡན་(Kai-yin)དང་། རང་ལོ་༣༣ ལ་སོན་པའི་ཁུ་མོན་(Quinn Moon)གཉིས་ལ་ཁྲིམས་འགལ་ཐོག་ནས་རྒྱལ་མཚམས་རྒལ་རྒྱུའི་ལས་འགུལ་གོ་སྒྲིག་ཞུས་པའི་ཉེས་མིའི་འོག་ནས་ལོ་གསུམ་དང་གཉིས་ཀྱི་བཙོན་འཇུག་ཁྲིམས་ཐག་བཅད་པ་དང་། གཞན་རྣམས་ལ་ཁྲིམས་འགལ་ཐོག་ནས་རྒྱལ་མཚམས་བརྒལ་བའི་ཉེས་མིང་འོག་ཟླ་བ་བདུན་རེའི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག

ཕྱི་ལོ་༡༩༩༧ ལོར་དབྱིན་ཇིས་ཧོང་ཀོང་རྒྱ་ནག་ལ་རྩིས་སྤྲོད་བྱེད་སྐབས། རྒྱ་ནག་གིས་ཧོང་ཀོང་ལ་ཕྱི་ལོ་༢༠༤༧ བར་“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་”ཀྱི་སྲིད་བྱུས་ལག་བསྟར་བྱེད་པའི་ཁས་བླངས་ཡོད་ན་ཡང་། འདི་ལོའི་ཕྱི་ཟླ་༦ པའི་ནང་རྒྱ་ནག་གིས་ཧོང་ཀོང་མི་མང་དང་། རྒྱལ་སྤྱིའི་ངོ་རྒོལ་དང་སྐྱོན་བརྗོད་ལ་མ་བལྟོས་པར་“རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས་”ཞེས་པ་དངོས་སུ་གཏན་ལ་ཕབ་པ་ནས་བཟུང་། སྔར་གོ་ལའི་དཔལ་འབྱོར་གྱི་ལྟེ་བར་གྱུར་བའི་ཀོང་ཀོང་ནི་བོད་དང་ཤར་ཏུ་ཁི་སི་ཐན་ལྟར་རྒྱ་ནག་གི་བཙན་གནོན་དྲག་པོའི་འོག་ཏུ་ཡོད་པའི་ས་ཁུལ་ཞིག་ཏུ་གྱུར་ཡོད་སྟབས། རང་དབང་དང་མང་གཙོའི་ལས་འགུལ་བ་རྣམས་བཙོན་འོག་ཏུ་ཚུད་པ་དང་། རྒྱལ་ཁབ་གཞན་དུ་བྲོས་བྱོལ་དུ་ཕྱིན་པའམ། འགྲོ་བའི་འབད་བརྩོན་བྱེད་ཀྱིན་ཡོད། ། 

གསར་འགོད་པ་དཀོན་མཆོག་རབ་བརྟན།