རྒྱ་ནག་གིས་ཧོང་ཀོང་གི་འོས་བསྡུའི་ལམ་ལུགས་སྒྱུར་བཅོས་གཏོང་རྒྱུ་གཏན་ལ་ཕབ་འདུག
དེ་རིང་སྟེ་ཕྱི་ཟླ་༣ ཚེས་༡༡ རེས་གཟའ་ཕུར་བུའི་ཉིན་རྒྱ་ནག་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་མཇུག་སྒྲིལ་བའི་ཁར། རྒྱ་ནག་གི་གྲོས་ཚོགས་ནས་ཧོང་ཀོང་གི་འོས་བསྡུའི་ལམ་ལུགས་སྒྱུར་བཅོས་བཏང་ནས་“རྒྱལ་གཅེས་པ་རྣམས་”ལ་འགན་དབང་སྤྲོད་པའི་གྲོས་འཆར་ལ་མང་མོས་རྒྱབ་སྐྱོར་བྱས་ནས་གཏན་ལ་ཕབ་ཡོད་འདུག
བརྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གི་གྲོས་ཚོགས་ནང་དུ་ཧོང་ཀོང་གྲོང་ཁྱེར་གྱི་རྩ་ཁྲིམས་སུ་གྱུར་བའི་གཞི་རྩའི་ཁྲིམས་(Hong Kong’s Basic Law) ལ་སྒྱུར་བཅོས་གཏོང་རྒྱུའི་གྲོས་འཆར་དེར་མོས་མཐུན་རྒྱབ་སྐྱོར་བྱེད་མཁན་གྱི་འཐུས་མི་ ༢༨༩༥ དང་། མོས་མཐུན་མི་བྱེད་མཁན་ ༡ བྱུང་ནས་མང་མོས་ཀྱིས་གཏན་ལ་ཕབ་ཡོད་འདུག
ཕྱི་ལོ་༡༩༩༧ ལོར་དབྱིན་ཇིས་ཧོང་ཀོང་རྒྱ་ནག་ལ་རྩིས་སྤྲོད་བྱེད་སྐབས། རྒྱ་ནག་གིས་ཧོང་ཀོང་ལ་ལོ་ངོ་༥༠ ཡི་རིང་སྟེ། ཕྱི་ལོ་༢༠༤༧ བར་“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་”ཀྱི་སྲིད་བྱུས་ལག་བསྟར་བྱེད་པའི་ཁས་བླངས་ཡོད་ན་ཡང་། ན་ནིང་ཕྱི་ཟླ་༦ པའི་ནང་རྒྱ་ནག་གིས“རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས་”ཞེས་པ་གཏན་ལ་ཕབ་པ་མ་ཟད། རྩོད་རྙོག་ཅན་གྱི་ཁྲིམས་གསར་པ་དེའི་འོག་ནས་མང་གཙོའི་ལས་འགུལ་བ་དང་། ཕྱོགས་འགལ་ཆབ་སྲིད་མི་སྣ་རྣམས་འཛིན་བཟུང་དང་བཙོན་འཇུག་བྱས་དང་བྱེད་བཞིན་ཡོད་ལ། ཉེ་བའི་ཆར་ཁོ་ནར་ཁྲིམས་གསར་པ་དེའི་འོག་ནས་མང་གཙོའི་ལས་འགུལ་བ་༤༧ ལ་“རྒྱལ་ཁབ་མགོ་རྟིང་སློག་”པའི་ཉེས་འཛུགས་འོག་ཁྲིམས་ཐག་བཅད་ཡོད།
སྔོན་ཆད་ཧོང་ཀོང་ནི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འོག་ཏུ་“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་”སམ་རང་སྲིད་རང་སྐྱོང་གིས་གནས་ཐུབ་པའི་དཔེ་མཚོན་གསལ་ཤོས་ཤིག་ཡིན་ན་ཡང་། ད་ལྟ་ཧོང་ཀོང་གི་གནས་བབ་དེ་རྒྱ་ནག་ལ་ཡིད་ཆེས་དང་བློ་གཏད་བྱེད་མི་ཉན་པའི་དཔང་རྟགས་ཤིག་ཏུ་འགྱུར་བཞིན་ཡོད། །
གསར་འགོད་པ་དཀོན་མཆོག་རབ་བརྟན།