རྒྱ་ནག་གིས་ཧོང་ཀོང་ནང་དུ་རྒྱལ་ཁབ་ཀྱི་བདེ་འཇགས་གནད་དོན་ཁག་ཅིག་ཐོག་ལག་པ་འཆང་རྒྱུ་ཡིན་འདུག 

རྒྱ་ནག་དབུས་གཞུང་གིས་ཧོང་ཀོང་ནང་དུ་རྒྱལ་ཁབ་ཀྱི་བདེ་འཇགས་ཀྱི་གནད་དོན་ཧ་ཅང་དཀོན་པོ་ཡོད་པ་ཁག་ཅིག་ཐོག་ཏུ་ལག་པ་འཆང་རྒྱུ་ཡིན་པ་དང་། དེ་ལྟར་བྱེད་པའི་དབང་ཚད་ཀྱང་ཡོང་རྒྱུ་ཡིན་སྐོར་རྒྱ་ནག་གི་ལས་བྱེད་གཅིག་གིས་བརྗོད་འདུག སྐད་ཆ་དེ་ལས་རྒྱ་ནག་གཞུང་གིས་ཧོང་ཀོང་ནང་དུ་རྒྱལ་ཁབ་ཀྱི་བདེ་འཇགས་ཀྱི་མིང་ཐོག་ནས། ཐད་ཀར་སྟངས་འཛིན་བྱེད་རྒྱུའི་ཞེད་སྣང་དེ་དངོས་སུ་འབྱུང་རྒྱུ་ཡིན་པའི་ཉེན་བརྡ་ཐོན་ཡོད་འདུག 

ཟླ་༦ པའི་ཚེས་༡༥ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཚེས་༡༤ ཉིན་རྒྱ་ནག་དབུས་གཞུང་གི་ཧོང་ཀོང་དང་མཱ་ཁའོ་ལས་དོན་ཁང་གི་འགན་འཛིན་གཞོན་པ་ཏིང་ཀྲོང་ཧའུ་ཡིས། རྒྱལ་ཁབ་ཀྱི་བདེ་འཇགས་ཀྱི་ཁྲིམས་དེ་ཧོང་ཀོང་ནང་ལག་བསྟར་བྱེད་རྒྱུའི་འགན་མང་ཆེ་བ་དེ། ཧོང་ཀོང་གི་ས་གནས་གཞུང་དང་ཉེན་རྟོག་པ་ཚོའི་ཐོག་ཏུ་སླེབས་རྒྱུ་ཡིན་ཡང་། ཧོང་ཀོང་ནང་དུ་རྒྱ་ནག་རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཉེན་ཁ་བཟོ་བའི་ཁྲིམས་འགལ་བྱ་སྤྱོད་སྤེལ་ཚེ། རྒྱ་ནག་དབུས་གཞུང་ལ་ཤིན་ཏུ་དཀོན་པའི་གནད་དོན་དེ་རིགས་ཁག་ཅིག་ཐོག་ལག་པ་འཆང་རྒྱུའི་དབང་ཚད་ཟུར་བཅད་བྱེད་དགོས་རྒྱུ་ཡིན་སྐོར་བརྗོད་འདུག 

དེ་ཡང་ཕྱི་ལོ་༡༩༩༧ ལོ་ནས་༢༠༤༧ བར་རྒྱ་ནག་གིས་ཧོང་ཀོང་ནང་དུ་རང་དབང་དང་རང་སྐྱོང་གི་དབང་ཚད་སྤྲོད་རྒྱུ་ཁས་ལེན་བྱས་ཡོད་ཀྱང་། ཐེངས་དང་པོར་རྒྱ་ནག་དབུས་གཞུང་གི་ལས་བྱེད་གཅིག་གིས་གསལ་པོའི་ཐོག་ནས། དབུས་གཞུང་གིས་ཧོང་ཀོང་ནང་གི་རྒྱལ་ཁབ་ཀྱི་བདེ་འཇགས་གནད་དོན་ཐོག་ཏུ་དབང་ཚད་ཡོད་པ་ཆགས་རྒྱུ་ཡིན་སྐོར་བརྗོད་ཡོད་འདུག 

དེ་ཡང་རྒྱ་ནག་དབུས་གཞུང་གིས་ཧོང་ཀོང་གི་གྲོས་ཚོགས་ལ་ཁྲིམས་དེའི་ཐོག་བགྲོ་གླེང་དང་འོས་བསྡུ་བྱེད་པའི་ཐོབ་ཐང་མ་སྤྲད་པར། ཁྲིམས་དེ་ལག་བསྟར་བྱེད་རྒྱུ་ཐག་གཅོད་བྱས་ཡོད་པ་དེས། ཧོང་ཀོང་ནང་གི་ཁྲིམས་བཟོ་དང་ཁྲིམས་ཞིབ་ཀྱི་རང་དབང་ཅན་གྱི་དབང་ཚད་ལ་རྩིས་མེད་བཏང་བ་དང་། ཁྲིམས་དེ་དངོས་སུ་ལག་བསྟར་བྱེད་མགོ་བཙུགས་རྗེས། མང་གཙོའི་ཀ་བ་གལ་ཆེན་གཉིས་དེའི་ནུས་པ་མེད་པ་ཆགས་ཉེན་ཡོད་འདུག 

རྒྱ་ནག་དབུས་གཞུང་གིས་ཁྲིམས་དེས་ཁ་བྲལ་རིང་ལུགས་པ་དང་། འཇིགས་སྐུལ་རིང་ལུགས་པ། ཕྱིའི་རྒྱལ་ཁབ་ཀྱི་ཤུགས་རྐྱེན། གཞུང་སྲིད་མགོ་རྟིང་སློག་པ་སོགས་འཐབ་རྒོལ་བྱེད་རྒྱུ་ཡིན་པ་དང་། དེ་ལ་བརྟེན་ནས་ཧོང་ཀོང་ནང་དུ་བརྟན་ལྷིང་ཕྱིར་ལོག་ཡོང་རྒྱུ་ཡིན་པ་དང་། ཆབ་སྲིད་ཀྱི་རང་དབང་བརྟན་པོ་གནས་རྒྱུ་ཡིན་པ། ཧོང་ཀོང་གྲོས་ཚོགས་ཀྱིས་འདས་པའི་ལོ་ཟླའི་ནང་རྒྱལ་ཁབ་ཀྱི་བདེ་འཇགས་ཁྲིམས་གཏན་འབེབས་བྱེད་ཐུབ་མེད་སྐོར་བརྗོད་ཡོད་ཀྱང་། རྒྱ་ནག་གཞུང་གི་བྱེད་ལས་དེར་དགག་བྱ་བྱེད་མཁན་ཚོས། རྒྱ་ནག་སྐམ་ས་ཆེན་མོར་ཁྲིམས་དེ་བེད་སྤྱད་ནས་ཆབ་སྲིད་ཀྱི་ལྟ་ཕྱོགས་མི་མཐུན་པ་འཛིན་མཁན། འགྲོ་བ་མིའི་ཐོབ་ཐང་གི་ལས་འགུལ་བ་དང་ཁྲིམས་རྩོད་པ་སོགས་གཉའ་གནོན་དང་བཙོན་འཇུག་བྱེད་ཀྱི་ཡོད་པས། ཧོང་ཀོང་ནང་དུ་ཡང་དེ་ལྟར་འབྱུང་རྒྱུའི་སེམས་འཚབ་བྱེད་བཞིན་ཡོད་པ་རེད།

དེ་སྔོན་རྒྱ་ནག་གཞུང་གིས་ཁྲིམས་དེ་ལ་བརྟེན་ནས་རྒྱ་ནག་སྐམ་ས་ཆེན་མོའི་བདེ་སྲུང་ལས་ཁང་རྣམས། ཐེངས་དང་པོར་ཧོང་ཀོང་ནང་དུ་ལས་དོན་སྤེལ་རྒྱུ་ཡོད་པ་ཆགས་རྒྱུ་ཡིན་སྐོར་བརྗོད་ཡོད་པས། ཐེངས་འདིར་ཧོང་ཀོང་དང་མཱ་ཁའོ་ལས་དོན་ཁང་གི་འགན་འཛིན་གཞོན་པ་ཏིང་ཀྲོང་ཧའུ་ཡིས། རྒྱ་ནག་དབུས་གཞུང་དང་ཧོང་ཀོང་གཞུང་གཉིས་ཀྱིས་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོབ་བྱེད་མཁན་གྱི་ལས་ཁང་ཞིག་འཛུགས་རྒྱུ་གལ་ཆེན་ཆགས་ཡོད་པ་དང་། དབུས་གཞུང་གིས་རྒྱལ་ཁབ་ཀྱི་བདེ་འཇགས་ཁྲིམས་ལག་བསྟར་བྱེད་མཁན་ས་གནས་སྲིད་གཞུང་ལ་སྟངས་འཛིན་དང་ལམ་སྟོན་བྱེད་རྒྱུ་ཡིན་སྐོར་བརྗོད་འདུག དེ་བཞིན་ཁོང་གིས་ཧོང་ཀོང་དང་རྒྱ་ནག་སྐམ་ས་ཆེན་མོ་གཉིས་ཀྱི་ནང་དུ་ཁྲིམས་ལུགས་མི་འདྲ་བ་ཡོད་པ་ཤེས་ཀྱི་ཡོད་ཀྱང་། ཁྲིམས་གསར་པ་དེས་ཐུན་མོང་གི་ལྟ་བ་མཚོན་ཐུབ་རྒྱུ་ཡིན་སྐོར་བརྗོད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།