རྒྱ་ནག་གིས་ཧོང་ཀོང་ལས་འགུལ་བ་ཚོར་ནོ་བྷེལ་ཞི་བདེའི་གཟེངས་རྟགས་སྤྲད་མི་རུང་བའི་ཉེན་བརྡ་བཏང་འདུག
རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་ཡཱི་ཡིས་ཧོང་ཀོང་ལས་འགུལ་བ་ཚོ་དང་འབྲེལ་ནས། ནོ་བྷེལ་ཞི་བདེའི་གཟེངས་རྟགས་དེ་ཆབ་སྲིད་ཀྱི་ལག་ཆར་བེད་སྤྱོད་བྱེད་པར་དགག་བྱ་ཆེན་པོ་ཡོད་པ་དང་། རྒྱ་ནག་གི་ནང་སྲིད་ལ་ཐེ་བྱུས་བྱེད་པར་དགག་བྱ་ཆེན་པོ་ཡོད་སྐོར་བསྒྲགས་འདུག ཕྱི་ལོ་༢༠༢༠ ལོའི་ནོ་བྷེལ་ཞི་བདེའི་གཟེངས་རྟགས་ཀྱི་འོས་གཞིར་ཧོང་ཀོང་མི་མང་ལས་འགུལ་བ་མིང་འདོན་བྱས་ཡོད་རེད།
ཨ་རི་དང་རྒྱ་ནག་གཉིས་ཀྱི་འབྲེལ་ལམ་སྡུག་ཏུ་འགྲོ་བཞིན་ཡོད་པ་དང་། ཨ་རིས་རྒྱལ་སྤྱིའི་ནང་རྒྱ་ནག་ཟུར་དུ་ཕུད་ཐབས་བྱེད་བཞིན་པའི་སྐབས་དེར། རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་ཡཱི་ཡུ་རོབ་ཁུལ་དུ་སྐོར་བསྐྱོད་ལ་འགྲོ་བཞིན་ཡོད་པ་དང་། ཚེས་༢༧ ཉིན་ནོར་ཝེར་གསར་འགོད་ལྷན་ཚོགས་ཤིག་གི་ཐོག་ཏུ། ཧོང་ཀོང་ནང་མང་གཙོའི་ཆེད་དུ་མི་མང་ལས་འགུལ་བ་ཚོ་དང་འབྲེལ་བའི་དྲི་བར་ལན་འདེབས་སུ། རྒྱ་ནག་གིས་ནོ་བྷེལ་ཞི་བདེའི་གཟེངས་རྟགས་དེ་སུ་གང་གིས་ཆབ་སྲིད་ཀྱི་ལག་ཆར་བེད་སྤྱོད་བྱེད་པར་མཐོང་འདོད་མེད་པ་དང་། འདས་མ་ད་གསུམ་ནང་སུ་གང་གིས་ནོ་བྷེལ་ཞི་བདེའི་གཟེངས་རྟགས་བེད་སྤྱད་ནས་རྒྱ་ནག་གི་ནང་སྲིད་ལ་ཐེ་བྱུས་བྱེད་ཐབས་བྱེད་པའམ་བྱས་ཚེ། རྒྱ་ནག་ངོས་ནས་ངོ་རྒོལ་བྱེད་ཀྱི་ཡོད་པ་དང་། ལངས་ཕྱོགས་དེ་ནི་བརྟན་པོ་ཡིན་སྐོར་བརྗོད་འདུག
དེ་སྔོན་ཕྱི་ལོ་༢༠༡༠ ལོར་ནོ་བྷེལ་ཞི་བདེའི་གཟེངས་རྟགས་དེ་རྒྱ་ནག་གི་མང་གཙོ་འཐབ་རྩོད་པ་ལིའུ་ཞའོ་པོར་སྤྲད་པ་དང་འབྲེལ་ནས་རྒྱ་ནག་གཞུང་གིས་ནོར་ཝེ་གཞུང་དང་འབྲེལ་ལམ་བཅད་ནས་ཚོང་འབྲེལ་གྱི་གྲོས་མོལ་ཕྱིར་འཐེན། ནོར་ཝེ་ནས་ནང་འདྲེན་བྱེད་བཞིན་པའི་ཅ་དངོས་ཤིག་བཀག་འགོག་སོགས་བྱས་ཡོད་འདུག ཕྱི་ལོ་༢༠༡༦ ལོར་ནོར་ཝེ་གཞུང་གིས་རྒྱ་ནག་གཅིག་གྱུར་གྱི་སྲིད་བྱུས་ལ་རྒྱབ་སྐྱོར་དང་རྒྱ་ནག་གི་ཁེ་དབང་ལ་གནོད་པའི་ལས་དོན་ལ་རྒྱབ་སྐྱོར་བྱེད་རྒྱུ་མིན་སྐོར་ཁས་ལེན་དང་བསྒྲགས་གཏམ་སྤེལ་ནས། ཕྱོགས་གཉིས་བར་གྱི་འབྲེལ་ལམ་ཡག་ཏུ་ཕྱིན་ཡོད་འདུག སྤྱིར་བཏང་ནོར་ཝེ་རྒྱལ་ཁབ་ཏུ་ཡོད་པའི་ནོ་བྷེལ་ཞི་བདེ་གཟེངས་རྟགས་ཚོགས་ཆུང་ནི་གྲོས་ཚོགས་ཀྱིས་བསྐོ་གཞག་བྱས་པའི་ཚོགས་མི་ལྔ་ལས་གྲུབ་པའི་རང་དབང་ཅན་གྱི་ཚོགས་ཆུང་ཞིག་ཡིན་པ་དང་། གཞུང་དང་འབྲེལ་བ་མེད་ཀྱང་རྒྱ་ནག་གཞུང་གིས་རྒྱལ་ཁབ་དེའི་གཞུང་བརྒྱུད་ནས་ཚོགས་ཆུང་དེར་གནོན་ཤུགས་སྤྲོད་ཐབས་བྱེད་ཀྱི་ཡོད་པ་རེད་འདུག
ཝང་ཡཱི་ཡིས་ད་དུང་རྒྱལ་ཁབ་གཉིས་ཀྱིས་སེམས་ཚོར་རྣོན་པོ་ཡོད་པའི་གནད་དོན་ཐོག་ཏུ། ལས་དོན་སྤེལ་ཕྱོགས་དེ་རན་པོ་དགོས་པ་དང་། དེ་འདྲ་མ་བྱས་ན་དཀའ་ལས་མང་པོ་བརྒྱབ་ནས་ཕྱོགས་གཉིས་བར་གྱི་འབྲེལ་ལམ་བསྐྱར་གསོ་ཐོབ་པ་དེར་བསྐྱར་དུ་དོ་ཕོག་འགྲོ་སྲིད་སྐོར་དང་། རྒྱ་ནག་དང་ནོར་ཝེ་གཉིས་བར་གྱི་རང་དབང་ལྡན་པའི་ཚོང་འབྲེལ་གྲོས་མོལ་གྱི་འགྲོ་ཚད་དེ་མྱུར་དུ་གཏོང་དགོས་པ། རྒྱ་ནག་གིས་ནོར་ཝེ་ཡི་མཚོ་ཟས་ནང་འདྲེན་བྱེད་རྒྱུ་གལ་ཆེན་འཛིན་གྱི་ཡོད་པ་དང་། དེ་ཉོ་བའི་ཆེད་དུ་འབྲེལ་ལམ་གྱི་བརྒྱུད་ལམ་བཟོ་རྒྱུར་འདོད་མོས་ཡོད་སྐོར་བརྗོད་འདུག
དེ་བཞིན་ཁོང་གིས་ཕྱོགས་གཉིས་བར་གུས་བརྩི་དང་འདྲ་མཉམ་བརྩིས་ཚེ། འབྲེལ་ལམ་བརྟན་དུ་གཏོང་ཐུབ་རྒྱུ་ཡིན་སྐོར་བརྗོད་འདུག
ཐེངས་འདིར་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ནོར་ཝེ་ལ་སླེབས་པ་ནི་ལོ་ངོ་༡༥ ཡི་ནང་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཞིག་རྒྱལ་ཁབ་དེར་སླེབས་པ་ཐེངས་དང་པོ་ཆགས་ཀྱི་ཡོད་འདུག ཁོང་གིས་ནོར་ཝེའི་སྲིད་བློན་དང་ཐུག་འཕྲད་ཀྱང་བྱས་ཡོད་འདུག
ཕྱི་ལོ་༢༠༡༩ ལོའི་ཟླ་༡༠ པའི་ཚེས་༡༥ ཉིན་ནོར་ཝེ་རྒྱལ་ཁབ་ཀྱི་གུ་ཡངས་སྲིད་དོན་ཚོགས་པའི་གྲོས་ཚོགས་འཐུས་མི་ལྕམ་གྷུ་རི་མེལ་བྷེ་(Guri Melby) ཡིས་སྤྱི་ཚོགས་དྲ་ལམ་ཊེའུ་ཊར་ཐོག་ཏུ། ངས་ཕྱི་ལོ་༢༠༢༠ ལོའི་ནོ་བྷེལ་ཞི་བདེ་གཟེངས་རྟགས་ཀྱི་འོས་གཞིའི་ཁོངས་སུ། ཉིན་ལྟར་སོ་སོའི་ཚེ་སྲོག་དང་བདེ་འཇགས་ལ་ཉེན་ཁ་ཡོད་མེད་ལ་མ་ལྟོས་པར། སྨྲ་བརྗོད་རང་དབང་དང་མང་གཙོའི་ཆེད་དུ་འཐབ་རྩོད་བྱེད་མཁན་ཧོང་ཀོང་མི་མང་མིང་འདོན་བྱས་ཡོད་ཅེས་བཀོད་ཡོད་པ་དང་། རྒྱ་ནག་དམར་ཤོག་གཞུང་གི་ཕྱི་སྲིད་ལས་ཁུངས་མགྲིན་ཚབ་པས། ཧོང་ཀོང་གི་གནད་དོན་ནི་རྒྱ་ནག་གི་ནང་སྲིད་གནད་དོན་ཡིན་པས། ཕྱིའི་རྒྱལ་ཁབ་ཁག་གི་གཞུང་ངམ་ཚོགས་པ། སྒེར་པ་སོགས་ཀྱིས་ཐེ་བྱུས་བྱེད་ཆོག་གི་མེད། འབྲེལ་ཡོད་མི་སྣ་དེར་དྲང་བདེན་ལ་གཞིར་བཞག་གིས་སྐད་ཆ་གང་བཤད་དང་ལས་ཀ་གང་བྱེད་ལ་གཟབ་ནན་བྱེད་པའི་རེ་སྐུལ་བྱེད་ཀྱི་ཡོད་པ་དང་། རྒྱ་ནག་གི་ནང་སྲིད་གནད་དོན་དང་ཧོང་ཀོང་གི་གནད་དོན་ལ་ཐེ་བྱུས་བྱེད་རྒྱུ་མཚམས་འཇོག་ཡོང་བའི་རེ་སྐུལ་བྱེད་ཀྱི་ཡོད་སྐོར་བརྗོད་ཡོད་པ་རེད།།
གསར་འགོད་པ་སྐལ་བཟང་དོན་གྲུབ།