རྒྱ་ནག་གིས་ཨ་བྱང་གཉིས་བར་འདུམ་འགྲིག་ཡོང་ཐབས་བྱེད་བཞིན་འདུག

ཨ་རི་དང་བྱང་ཀོ་རི་ཡ་གཉིས་བར་གྱི་དཀའ་རྙོག་སེལ་བའི་ལམ་ཁ་ཡག་ཤོས་ནི་འབྲེལ་ལམ་དང་གྲོས་མོལ་བསྐྱར་གསོ་བྱ་རྒྱུ་དེ་རེད་ཅེས་རྒྱ་ནག་ཕྱི་སྲིད་བློན་ཆེན་ཁང་གིས་བརྗོད་ཡོད་འདུག

ཟླ་འདིའི་ཕྱི་ཚེས་༢ ཉིན་ཨེ་སྦི་སིའི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན།ཁ་སང་ཕྱི་ཚེས་༢ ཉིན་རྒྱ་ནག་གིས་ཨ་རི་དང་བྱང་ཀོ་རི་ཡ་གཉིས་གང་མགྱོགས་འབྲེལ་བ་བྱས་ནས། བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆའི་བཟོ་སྐྲུན་གྱི་ཐོག་ཕྱོགས་གཉིས་བར་དམག་འཁྲུག་ཡོང་རྒྱུའི་གནས་སྟངས་དེ་མེད་བཟོ་རྒྱུར་འབོད་སྐུལ་བྱས་ཡོད་འདུག

དེ་ཡང་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་གྷེང་ཤུ་ཨང་གིས། ཨ་རི་དང་བྱང་ཀོ་རི་ཡ་གཉིས་ཞི་བདེའི་ཕྱོགས་སུ་གོམས་སྟབས་བསྒྱུར་ནས། འཛམ་གླིང་གི་བདེ་འཇགས་ལ་ཉེན་ཁ་ཆེ་ཤོས་ཤིག་ཡོང་བའི་གཉན་འཕྲང་གི་དུས་སྐབས་བཟོ་རྒྱུ་ལས་གཡོལ་དགོས་སྐོར་བཤད་ཡོད་པ་དང་། དེ་ནི་ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་གྱིས་ཉེ་ཆར་བཅར་འདྲི་ཞིག་གི་ནང་། བྱང་ཀོ་རི་ཡའི་སྲིད་འཛིན་ཀིམ་ཇོང་དང་ཐུག་འཕྲད་ཡོང་སྲིད་སྐོར་གྱི་སྐད་ཆ་བཤད་པའི་རྗེས་སུ་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་ཨ་བྱང་གཉིས་འགྲིག་འཇགས་ཡོང་རྒྱུའི་འབོད་སྐུལ་བྱས་པ་ཞིག་ཡིན་སྐོར་འདུག

བྱང་ཀོ་རི་ཡས་བསྟུད་མར་རྡུལ་ཕྲན་མཚོན་ཆ་ཚོད་ལྟ་བྱས་པ་དང་། བདུན་ཕྲག་སྔོན་མའི་ནང་མེ་སྒྱོགས་སོགས་གོ་མཚོན་ངོམ་ནས་དེ་སྔོན་བྱུང་མྱོང་མེད་པའི་དམག་སྦྱོང་ཤུགས་ཆེན་པོ་ཞིག་བྱས་རྗེས་སུ། རྒྱ་ནག་གི་ཕྱོགས་ནས་ཨ་རི་དང་བྱང་ཀོ་རི་ཡ་གཉིས་དམག་འཐབ་གྱི་གྲ་སྒྲིག་ལས་ཕྱིར་འཐེན་བྱེད་རྒྱུར་བརྩོན་བཞིན་པ་ཡིན་འདུག

ཨ་བྱང་གཉིས་བར་གྱི་དམག་འཁྲུག་གྲ་སྒྲིག་ལ་རྒྱ་ནག་གིས་ངོ་རྒོལ་ཤུགས་དྲག་བྱས་མིན་ལ་མ་ལྟོས་པར། ལྷོ་ཀོ་རི་ཡས་བྱང་ཀོ་རི་ཡ་དང་ས་མཚམས་སུ་གྱུར་པའི་ས་ཆ་ཞིག་ཏུ། ཨ་རིས་འགྲོ་སོང་བཏང་ནས་རྒྱང་རིང་འཕུར་མདའ་འགོག་བྱེད་ཀྱི་འཕྲུལ་ཆས་མ་ལག་ཅིག་བེད་སྤྱོད་གཏོང་ཆོག་ཆོག་བྱས་ནས་བཞག་ཡོད་སྐོར་ཁ་སང་རེས་གཟའ་མིག་དམར་ཉིན་བརྗོད་ཡོད་པ་དང་། ཟླ་བ་སྔོན་མའི་ནང་བྱང་ཀོ་རི་ཡ་དང་ས་མཚམས་ཁེལ་བའི་ལྷོ་ཀོ་རི་ཡའི་ས་ཆར་ཨ་རི་དང་ལྷོ་ཀོ་རི་ཡའི་དཔུང་དམག་མཉམ་འབྲེལ་གྱིས་དམག་སྦྱོང་བྱས་ཡོད་པ་རེད།གནད་དོན་དེར་རྒྱ་ནག་གི་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པས་ཌོ་ནལ་ཊོམ་གྱི་འཛིན་སྐྱོང་ནས་རྒྱ་ནག་ལ་ཕྱི་འབྲེལ་ལས་དོན་དང་འབྲེལ་བའི་འཕྲིན་ཡིག་སྔར་ལས་མང་བ་སྐུར་གྱི་ཡོད་པ་དང་། དེ་དག་མཐུན་འགྲིག་རང་བཞིན་ཅན་ཞིག་ཡིན་པ་བསམ་གྱི་ཡོད་སྐོར་བཅས་བརྗོད་ཡོད་འདུག  དེ་བཞིན་ཁོང་གིས་ཕྱོགས་གཉིས་ཀས་གང་མགྱོགས་ཅི་མགྱོགས་སུ་ཕྱོགས་གཉིས་བར་གྲོས་ཆོད་ཅིག་འཇོག་དགོས་པ་དང་། ཕྱོགས་གཉིས་བར་གྱི་གནས་ཚུལ་བཟང་དུ་གཏོང་བར་ལམ་ཁ་ཡག་ཤོས་ནི་འབྲེལ་ལམ་དང་གྲོས་མོལ་བསྐྱར་འཛུགས་བྱ་རྒྱུ་དེ་ཡིན་སྐོར་བཅས་བརྗོད་ཡོད་འདུག །

གསར་འགོད་པ་བཀྲ་ཤིས་དོན་གྲུབ།