རྒྱ་ནག་གིས་ཨ་རི་དང་འབྲེལ་བ་བསྐྱར་གསོ་བྱེད་འདོད་ཡོད་ཚུལ་བཤད་འདུག
རྒྱ་ནག་གི་ཕྱི་སྲིད་བློན་ཆེན་གྱིས་ཨ་རྒྱ་རྒྱལ་ཁབ་གཉིས་“ལོ་རྒྱུས་ཀྱི་དཀྱོགས་མཚམས་གལ་ཆེན་ཞིག་”ཏུ་བསླེབས་ཡོད་པས། པེ་ཅིང་ངོས་ནས་སྔར་གྱི་འབྲེལ་བ་བསྐྱར་གསོ་བྱེད་འདོད་ཡོད་ཅེས་བཤད་འདུག
ཕྱི་ཟླ་༡༢ ཚེས་༧ རེས་གཟའ་ཟླ་བའི་ཉིན་ཨ་རྒྱའི་ཚོང་འབྲེལ་མཐུན་ཚོགས་(the US-China Business Council) ཀྱིས་བསྐོངས་པའི་ཚོགས་ཆེན་ཐོག རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝན་ཡིས་(Wang Yi) ཀྱིས་བརྙན་ཐུང་བརྒྱུད་དེ་གཏམ་བཤད་ཅིག་སྤེལ་བའི་ནང་། ཁོས་ཨ་རིའི་རྒྱ་ནག་ཐོག་ཏུ་བཟུང་བའི་སྲིད་བྱུས་དེ་ཕྱིར་“རྒྱུ་མཚན་དང་གནས་ལུགས་”ལ་ལོག་དགོས་ཞེས་བཤད་འདུག
རྒྱ་ནག་གི་སྲིད་བློན་གྱིས་“ང་ཚོས་ཨ་རྒྱའི་འབྲེལ་ལམ་གྱི་ལེའུ་རྗེས་མའི་ནང་ཕན་ཚུན་གྱི་ཡིད་ཆེས་བསྐྱར་གསོ་དང་། ཡང་དག་པའི་ལམ་ལ་ཕྱིར་ལོག། གྲོས་མོལ་སླར་གསོ་བཅས་བྱེད་དགོས་”ཞེས་བཤད་པ་དང་། ཨ་རྒྱའི་བར་གྱི་ཇེ་ཆེར་འགྱུར་བཞིན་པའི་འགལ་ཟླ་དེ་“ལྟ་བའི་དབྱེ་འབྱེད་དང་། གྲང་དམག་གི་བསམ་བློ་རྙིང་པ་”ལྡན་པའི་ཨ་རི་བ་རེ་ཟུང་གིས་བྱས་པ་ཞིག་རེད་ཅེས་ལེ་ཁག་དཀྲིས་འདུག
སྲིད་བློན་ཝང་ཡིས་ཀྱིས་“གལ་ཆེ་ཤོས་དེ་ཕན་ཚུན་གུས་བརྩི་བྱེད་རྒྱུ་དེ་རེད། ཕན་ཚུན་གྱི་ལོ་རྒྱུས་དང་རིག་གཞུང་གི་ཤུལ་བཞག་ལ་གུས་བརྩི་དང་། ཕན་ཚུན་གྱི་ཁེ་ཕན་གཙོ་བོ་དང་གྱོང་གུད་ཆེན་པོ་ལ་གུས་བརྩི། ཕན་ཚུན་གྱི་གདམ་ཁ་ལ་གུས་བརྩི་བྱེད་རྒྱུ་དེ་རེད་”ཅེས་བཤད་དེ་རྒྱ་ནག་གི་ངོས་ནས་སྟོབས་ཆེན་རྒྱལ་ཁབ་གཉིས་ཀྱི་གས་ཆག་ཤོར་བའི་ཡིད་ཆེས་སླར་གསོ་བྱེད་འདོད་ཡོད་པའི་རྣམ་འགྱུར་བསྟན་འདུག
ཡིན་ན་ཡང་། ཊོམ་སྲིད་གཞུང་ནས་མུ་མཐུད་རྒྱ་ནག་གཞུང་ལ་ཉེས་ཆད་གཅོད་པའི་བྱ་སྤྱོད་གཅིག་རྗེས་གཉིས་མཐུད་སྤེལ་བཞིན་ཡོད་དེ། ཁ་སང་རེས་གཟའ་ཟླ་བའི་ཉིན་རང་ལ་ཨ་རིའི་ཕྱི་སྲིད་ལས་ཁུངས་ནས་རྒྱ་ནག་དམར་ཤོག་ཚོགས་པའི་དབུས་རྒྱུན་ལས་ཁང་(the National People’s Congress Standing Committee) གི་དཔོན་པོ་༡༤ ལ་ཧོང་ཀོང་གི་རང་དབང་རྩིས་མེད་རྡོག་རོལ་བཏང་བའི་ཉེས་ཆད་བཅད་པ་ཡིན་པའི་གསལ་བསྒྲགས་བྱས་ཏེ། རྒྱ་ནག་གི་དཔོན་པོ་དེ་དག་དང་ཁོ་ཚོའི་ནང་མི་རྣམས་ཨ་རིར་ཡོང་མི་ཆོག་པ་དང་། ཨ་རིར་ཡོད་པའི་ཁོ་ཚོའི་རྒྱུ་ནོར་རྣམས་རྩིས་མེད་བཏང་འདུག
རྒྱ་ནག་གཞུང་ལ་ཉེས་ཆད་གཅོད་པའི་གསལ་བསྒྲགས་གསར་ཤོས་དེའི་ནང་། ཕྱི་སྲིད་ལས་ཁུངས་ཀྱིས་“ང་ཚོའི་དེ་རིང་གི་བྱ་སྤྱོད་འདིས། ཨ་རིས་མུ་མཐུད་མཐུན་གྲོགས་རྒྱལ་ཁབ་ཚོ་དང་མཉམ་འབྲེལ་བྱས་ཏེ་པེ་ཅིང་གཞུང་ནས་ཁས་ལེན་བྱས་པའི་ཧོང་ཀོང་གི་རང་སྲིད་རང་སྐྱོང་རྡོག་རོལ་བཏང་བ་དེའི་ནག་ཉེས་འཁུར་དུ་འཇིག་གི་ཡིན་”ཞེས་བསྒྲགས་འདུག
དེ་མིན་ད་དུང་། ཨ་རིའི་གཞུང་ནས་ཆེད་དུ་རྒྱ་ནག་གི་བཟོ་ཚོང་ཁང་རྣམས་ལ་དམིགས་པའི་“ཕྱིའི་རྒྱལ་ཁབ་གྱི་བཟོ་ཚོང་ཁང་རྣམས་སྟངས་འཛིན་བྱེད་པ་”(Holding Foreign Companies Acccountable Act) ཞེས་པའི་ཁྲིམས་འཆར་གསར་པ་ཞིག་གཏན་ལ་འབེབས་གྲབས་བྱེད་ཀྱི་ཡོད་པ་དང་། ཁྲིམས་འཆར་དེའི་ནང་ཨ་རིར་ཚོང་ལས་གཉེར་བཞིན་པའི་རྒྱ་ནག་གི་བཟོ་ཚོང་རྣམས་ཀྱིས་ཨ་རིའི་གཞུང་ལ་འགྲོ་གྲོན་གྱི་རྩིས་ཁྲ་ཞིབ་གསལ་མ་བསྟན་པ་ཡིན་ན། ཨ་རིའི་མ་རྐང་ཁྲོམ་ར་(stock exchange) ནང་ཞུགས་མི་ཆོག་པ་བཟོ་རྒྱུ་ཡིན་འདུག
ད་ལྟའི་ཆར་རྒྱ་ནག་ལ་ཁ་གཏད་གཅོག་པའི་སྲིད་བྱུས་མཁྲེགས་པོ་འཛིན་པའི་ཊོམ་སྲིད་གཞུང་གི་ལས་ཡུན་རྫོགས་པར་ཟླ་བ་གཅིག་ཙམ་ལས་མེད་སྟབས། རྒྱ་ནག་གིས་བྷ་ཌན་གྱི་སྲིད་གཞུང་གསར་པ་དང་ལྷན་དུ་ཨ་རྒྱའི་འབྲེལ་ལམ་བསྐྱར་གསོ་ཡོང་བའི་རེ་བ་དང་འབད་བརྩོན་བྱེད་ཀྱི་ཡོད། འོན་ཀྱང་། ཨ་རིའི་མི་མང་དང་ཉམས་ཞིབ་པ་ཚོའི་ལྟ་བ་ལོ་ཤས་སྔོན་ལས་འགྱུར་བ་ཆེན་པོ་ཞིག་ཐེབས་ནས་རྒྱ་ནག་“ཉེན་ཁ་ཆེ་ཤོས་”སུ་མཐོང་གི་ཡོད་པར་བརྟེན། ཨ་རྒྱའི་འབྲེལ་ལམ་དེ་སྔར་རྒྱུན་ལྟར་ཡོང་བ་ཅུང་ཁག་པོ་ཆགས་ཡོད་འདུག །
གསར་འགོད་པ་དཀོན་མཆོག་རབ་བརྟན།