རྒྱ་ནག་གིས་ཨ་རི་དང་ལྷན་དུ་དམག་འཁྲུག་གང་འདྲ་ཞིག་རྒྱག་དགོས་ན་གྲ་སྒྲིག་ཡིན་ཞེས་བརྗོད།

ཨ་རིས་བསྐྱར་དུ་རྒྱ་ནག་གི་དངོས་ཟོག་ཐོག་ལ་སྒོ་ཁྲལ་བརྒྱ་ཆ་༡༠ བཀལ་ཡོད་འདུག་པར་བརྟེན། རྒྱ་ནག་གིས་ཐེངས་འདིར་སྒོ་ཁྲལ་དམག་འཁྲུག་ཡིན་པས། ཚུར་སྒོ་ཁྲལ་དམག་འཁྲུག་བརྒྱབ་ན་ཕར་གཅིག་མཚུངས་རྒྱག་རྒྱུ་ཡིན་པ་དང་། དམག་འཁྲུག་གང་འདྲ་ཞིག་རྒྱག་འདོད་ཡོད་ཀྱང་གྲ་སྒྲིག་ཡིན་པར་བརྗོད་འདུག
ཕྱི་ཚེས་༥ ཉིན་བྷི་བྷི་སི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། དེ་སྔོན་ཕྱི་ཟླ་༢ པའི་ནང་རྒྱ་ནག་གི་དངོས་ཟོག་ཐོག་ཨ་རིས་སྒོ་ཁྲལ་བརྒྱ་ཆ་༡༠ བཀལ་ཡོད་པ་དང་། ད་དུང་བདུན་ཕྲག་འདིའི་ནང་ཨ་རི་ཡིས་ཡང་བསྐྱར་རྒྱ་ནག་གི་དངོས་ཟོག་ཐོག་སྒོ་ཁྲལ་བརྒྱ་ཆ་༡༠ བཀལ་ནས་ཨ་རྒྱ་གཉིས་ཀྱི་འབྲེལ་ལ་དོ་ཕོག་ཆེན་པོ་བཏང་ཡོད་འདུག་ལ། ཁ་སང་རེས་གཟའ་ལྷག་པའི་ཉིན་རྒྱ་ནག་གིས་ཨ་རིའི་དངོས་ཟོག་ཐོག་སྒོ་ཁྲལ་བརྒྱ་ཆ་༡༠ ནས་༡༥ བར་འགེལ་རྒྱུ་ཡིན་པར་བརྗོད་འདུག ཨ་རིའི་ནང་གནས་སྡོད་རྒྱ་ནག་གི་གཞུང་ཚབ་པས་གལ་སྲིད་ཨ་རིས་སྒོ་ཁྲལ་དམག་འཁྲུག་རྒྱག་འདོད་ན་སྒོ་ཁྲལ་དམག་འཁྲུག་རྒྱག་ཆོག དེ་བཞིན་ཚོང་དོན་དམག་འཁྲུག་སོགས་དམག་འཁྲུག་གང་འདྲ་ཞིག་འདོད་ནའང་གྲ་སྒྲིག་ཡིན་ཞེས་xསྤྱི་ཚོགས་དྲྭ་ལམ་ཐོག་བཀོད་ཡོད་འདུག
དེ་བཞིན་གཟའ་ལྷག་པའི་ཉིན་རྒྱ་ནག་གི་སྲིད་བློན་(Li Qianལི་ཆང་གིས་རྒྱ་ནག་གི་རྒྱལ་སྲུང་འགྲོ་གྲོན་བརྒྱ་ཆ་༧་༢ སྤར་ནས་རྒྱ་ནག་གི་འདས་པའི་དུས་ཡུན་ནང་བྱུང་མ་མྱོང་བའི་དམག་གི་སྟོབས་ཤུགས་ཤིག་བཟོ་རྒྱུ་ཡིན་པར་བརྗོད་ནས་ཉེན་བརྡ་ཡང་བཏང་ཡོད་འདུག ད་ཆར་རྒྱ་ནག་ནང་ཏང་གི་ཚོགས་ཆེན་གཉིས་པ་ཟེར་བ་དེ་འཚོག་བཞིན་ཡོད་འདུག་ཅིང་། ཚོགས་ཆེན་ཐོག་རྒྱ་ནག་གི་འགོ་ཁྲིད་ཚོས་རྒྱ་ནག་གི་མི་མང་རྣམས་ལ་མ་འོངས་པར་རྒྱ་ནག་གི་དཔལ་འབྱོར་ཡར་རྒྱས་འགྲོ་རྒྱུ་ཡིན་པ་དང་། སྒོ་ཁྲལ་དང་ཚོང་དོན་གྱི་དཀའ་ངལ་ག་ཚོད་བྱུང་ཡང་དཔལ་འབྱོར་ལ་དཀའ་ངལ་མི་འཕྲད་པའི་ཐོག་གནས་ཐུབ་རྒྱུ་ཡིན་ཚུལ་བརྗོད་ཡོད་འདུག དེ་བཞིན་མ་འོངས་པར་རྒྱ་ནག་ནང་ཕྱི་རྒྱལ་གྱི་མ་རྩ་འཛུགས་མཁན་ཡོད་ན་དགའ་བསུ་ཡོད་ཚུལ་དང་། མཉམ་ལས་བྱེད་འདོད་ཡོད་པ་སོགས་ཀྱི་གཏམ་བཤད་བྱས་ཡོད་འདུག
དེ་བཞིན་ཚོགས་ཆེན་སྐབས་སུ་ཐའེ་ཝན་རྒྱ་ནག་དང་ལྷན་དུ་ཟླ་སྒྲིལ་གཏོང་རྒྱུ་ཡིན་ཚུལ་དང་། དེ་ཡང་དྲག་པོའི་ཐོག་ནས་ཟླ་སྒྲིལ་གཏོང་དགོས་ཀྱང་གཏོང་རྒྱུ་ཡིན་ཚུལ་བརྗོད་ཡོད་འདུག ད་དུང་ཁེ་ན་ཌ་དང་མེག་སི་ཀོ་གཉིས་བརྒྱུད་ནས་རྒྱ་ནག་གི་མྱོས་རྫས་རིགས་ཨ་རིར་ནང་འདྲེན་བྱེད་ཡོང་གི་ཡོད་ཚུལ་བརྗོད་པ་ནི་ཁ་གཡར་ས་ཙམ་ལས། དོན་དངོས་ཐོག་རྒྱ་ནག་ལ་སྒོ་ཁྲལ་འགེལ་རྒྱུ་ཡིན་པ་རེད་ཅེས་རྒྱ་ནག་གི་ཕྱི་སྲིད་ལྷན་ཁང་གིས་སྐྱོན་བརྗོད་བྱས་ཡོད་འདུག ཨ་རིའི་སྲིད་འཛིན་ཊོམ་ཕོ་བྲང་དཀར་པོའི་ནང་མ་བསླེབས་སྔོན་དུ་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕེང་དང་ལྷན་དུ་ཁ་པར་བརྒྱུད་ནས་སྐད་ཆ་བཤད་ཡོད་འདུག་པ་དང་། སྲིད་འཛིན་དམ་འབུལ་ཐོག་ཞི་ཅིན་ཕེང་སྐད་བཏང་བ་སོགས་མ་འོངས་པར་འབྲེལ་ལམ་ཡག་ཏུ་འགྲོ་རྒྱུའི་རེ་བ་བརྒྱབ་ཡོད་འདུག་ཀྱང་། ད་ཆར་ཨ་རིས་རྒྱ་ནག་ལ་སྒོ་ཁྲལ་བཀལ་བས་ཨ་རྒྱ་གཉིས་ཀྱི་འབྲེལ་ལམ་སྡུག་ཏུ་འགྲོ་བཞིན་ཡོད་འདུག
གསར་འགོད་པ། བསོད་ནམས་ཕུན་ཚོགས།