རྒྱ་ནག་གིས་ཨ་རིའི་གསང་ཉུལ་མ་ལག་ལ་དོ་ཕོག་ཆེན་པོ་བཏང་ཡོད་པ།
ཕྱི་ལོ་༢༠༡༡ དང་༢༠༡༢ ནང་རྒྱ་ནག་གིས་ཨ་རིའི་དབུས་གསང་བའི་ལས་ཁང་(CIA)གི་གསང་ཉུལ་བ་༢༠ ལྷག་བསད་པའམ་བཙོན་འཇུག་བྱས་ཏེ། ཨ་རིའི་གསང་ཉུལ་གྱི་ལས་འགུལ་ལ་དོ་ཕོག་ཆེན་པོ་བཏང་ཡོད་པའི་གསང་བའི་གནས་ཚུལ་ཕྱིར་ཐོན་ཡོད་འདུག
དེ་ཡང་ཟླ་འདིའི་ཚེས་༢༡ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཨ་རི་དང་རྒྱ་ནག་གཉིས་བར་མི་མངོན་པའི་གསང་གནས་ཀྱི་དམག་འཁྲུག་ཆེན་པོ་འགྲོ་བཞིན་ཡོད་ཁར། ཕྱི་ལོ་༢༠༡༡ དང་༢༠༡༢ ནང་རྒྱ་ནག་གིས་རྒྱ་ནག་ནང་དུ་ཡོད་པའི་ཨ་རིའི་གསང་ཉུལ་བ་༢༠ ལྷག་བསད་པའམ་བཙོན་འཇུག་བྱས་ཏེ། ལོ་གཉིས་རིང་ཨ་རིའི་རྒྱ་ནག་ནང་གི་གསང་གནས་མཁོ་སྒྲུབ་ཀྱི་ལས་འགུལ་ལ་དོ་ཕོག་ཆེན་པོ་བྱུང་ཡོད་འདུག་ཀྱང་། རྒྱ་ནག་གིས་ཨ་རིའི་གསང་ཉུལ་བ་རྣམས་ངོས་འཛིན་ཇི་ལྟར་བྱེད་ཐུབ་ཡོད་པའི་རྒྱུ་མཚན་ད་ལྟའང་གསལ་པོ་ཤེས་ཀྱི་མེད་པ་རེད།
ཨ་རིའི་དབུས་གསང་བའི་ལས་ཁང་གི་ལས་བྱེད་ཟུར་པ་བཞི་ཡིས་ཨ་རིའི་ནིའུ་ཡོག་དུས་བབ་ཏུ་འགྲེལ་བརྗོད་བྱེད་དོན། རྒྱ་ནག་གཞུང་གི་ལྟེ་གནས་ཀྱི་གསང་གནས་མང་པོ་ཞིག་ཨ་རིར་འབྱོར་རྒྱུར་ཕྱི་ལོ་༢༠༡༠ ལོ་ནས་ཉུང་དུ་ཕྱིན་ཡོད་པ་དང་། ཕྱི་ལོ་༢༠༡༡ ལོའི་འགོ་སྟོད་ནས་གནས་ཚུལ་མཁོ་སྤྲོད་བྱེད་མཁན་གསང་ཉུལ་བ་བོར་འགོ་ཚུགས་ཡོད་འདུག
ཨ་རིའི་དབུས་གསང་བའི་ལས་ཁང་དང་རྒྱལ་ནང་གི་གསང་བའི་ལས་ཁང་(FBI) གཉིས་ཀྱིས་གནད་དོན་དེའི་ཐད་མཉམ་རུབ་ཀྱིས་ཞིབ་དཔྱོད་བྱས་ཡོད་འདུག སྐབས་དེར་ཨ་རིའི་དབུས་གསང་བའི་ལས་ཁང་གི་ལས་བྱེད་ཟུར་པ་ཞིག་ལ་དོགས་པ་སྐྱེས་ཡོད་འདུག་ཀྱང་། ཁོ་འཛིན་བཟུང་བྱེད་པའི་དཔང་རྟགས་ཁུངས་བཙན་པོ་ལག་སོན་བྱུང་མེད་འདུག
ཨ་རིའི་གཞུང་ནང་དུ་གནད་དོན་དེའི་འབྱུང་རྐྱེན་ལ་འགལ་ཟླ་བྱུང་ཡོད་འདུག ཁག་ཅིག་གིས་ཨ་རིའི་དབུས་གསང་ལས་ཁང་ནང་རྒྱ་ནག་ལ་གསང་གནས་མཁོ་སྤྲོད་བྱེད་མཁན་བྱུང་ཡོད་སྲིད་པར་དོགས་པ་བྱེད་ཀྱི་ཡོད་པ་དང་། ཁག་ཅིག་གིས་རྒྱ་ནག་གིས་ཨ་རིས་རྒྱ་ནག་ནང་དུ་ཡོད་པའི་གསང་ཉུལ་བ་དང་འབྲེལ་བ་བྱེད་ཆེད་ཀྱི་གསང་བའི་མ་ལག་དེར་འཇབ་རྒོལ་བྱེད་ཐུབ་ནས། གསང་ཉུལ་བ་རྣམས་ངོས་འཛིན་བྱས་པའི་དོགས་པ་བྱེད་མཁན་ཡོད་འདུག་ཀྱང་། ད་ལྟ་བར་གནད་དོན་དེའི་འབྱུང་རྐྱེན་གསལ་པོ་ཤེས་ཐུབ་མེད་པ་རེད།
གནད་དོན་དེ་བྱུང་བའི་རྐྱེན་གྱིས་ཨ་རིའི་ལོ་མང་པོའི་རིང་དཀའ་ལས་བརྒྱབ་ནས་གསང་ཉུལ་གྱི་མ་ལག་དེར་གཏོར་སྐྱོན་བྱུང་ཡོད་འདུག་པ་དང་། ཉེ་དུས་ནང་ཨ་རིའི་གསང་ལས་ལ་དོ་ཕོག་ཆེ་ཤོས་གྲས་ཤིག་ཡིན་འདུག
ཕྱི་ལོ་༢༠༡༣ ཡི་ནང་དུ་རྒྱ་ནག་གིས་ཨ་རིའི་གསང་ཉུལ་ངོས་འཛིན་བྱེད་པའི་ནུས་པ་རྫོགས་པའི་རྣམ་པ་ཐོན་པས། ཨ་རིའི་དབུས་གསང་ལས་ཁང་གི་གསང་ཉུལ་གྱི་མ་ལག་བསྐྱར་འཛུགས་བྱས་ཡོད་པ་རེད།
སྤྱིར་རྒྱལ་སྤྱིའི་རྒྱལ་ཁབ་མང་པོ་ཞིག་གི་གསང་ཉུལ་བ་རྣམས་རྒྱལ་ཁབ་འདྲ་མིན་ནང་དུ་གསང་གནས་མཁོ་སྒྲུབ་ཀྱི་ལས་ལ་འཇུག་བཞིན་ཡོད་པ་དང་། དེ་དག་འཛིན་བཟུང་དང་དམར་གསོད་བཏང་བའི་གནས་ཚུལ་མང་པོ་ཞིག་མི་མང་ནང་དུ་ཕྱིར་ཐོན་གྱི་མེད་པ་རེད་ལ། གནས་ཚུལ་ཁག་ཅིག་ལོ་མང་པོའི་རྗེས་ཕྱིར་ཐོན་ཡོང་གི་ཡོད་པ་རེད།།
གསར་འགོད་པ་སྐལ་བཟང་དོན་གྲུབ།