རྒྱ་ནག་གིས་ཨ་རིའི་སྲིད་འཛིན་ཊོམ་ལ་བོད་དོན་རྒྱབ་སྐྱོར་གྱི་ཁྲིམས་འཆར་ལ་མཚན་རྟགས་འགོད་མི་ཉན་ཚུལ་བཤད་འདུག

རྒྱ་ནག་གིས་བོད་དོན་རྒྱབ་སྐྱོར་གྱི་ཁྲིམས་འཆར་གཏན་ལ་འབེབས་མཁན་གྱི་ཨ་རིའི་གྲོས་ཚོགས་འཐུས་མི་རྣམས་དང་། ཁོང་ཚོའི་ཁྱིམ་མི་ཚོ་ལ་ཐོངས་མཆན་བཀག་སྡོམ་བྱེད་རྒྱུ་ཡིན་པ་དང་། སྲིད་འཛིན་ཊོམ་ལ་ཁྲིམས་འཆར་དེར་མཚན་རྟགས་འགོད་མི་ཉན་ཚུལ་བཤད་འདུག 

ཟླ་༡༢ པའི་ཚེས་༢༡ ཉིན་ཨ་རིའི་གྲོས་ཚོགས་ནས་ཨ་སྒོར་ཁྲག་ཁྲིག་ཆེན་པོ་(trillion) ༡. ༤ ཡི་གཞུང་གྲོན་རྩིས་ཁྲ་གཏན་འབེབས་བྱས་པའི་ནང་། ༢༠༢༠ ལོའི་བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་གྱི་ཁྲིམས་འཆར་དང་། དེ་མིན་ད་དུང་ཧོང་ཀོང་དང་ཐའེ་ཝན་དང་འབྲེལ་བའི་དོན་ཚན་འགའ་ཡང་བཅུག་དེ་བཞག་ཡོད། 

ཐེངས་འདིར་ཨ་རིའི་གྲོས་ཚོགས་ནས་གཏན་ལ་ཕབ་པའི་༢༠༢༠ ལོའི་བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་གྱི་ཁྲིམས་ཞེས་པའི་ནང་། རྒྱ་ནག་གཞུང་གིས་༧གོང་ས་མཆོག་གིས་གཙོས་པའི་བོད་ཀྱི་བླ་སྤྲུལ་ཁག་གི་ཡང་སྲིད་ལ་ཐེ་བྱུས་བྱེད་མི་ཆོག་པ་དང་། གལ་ཏེ་དེ་ལྟར་བྱས་ཚེ་འབྲེལ་ཡོད་དཔོན་རིགས་རྣམས་ལ་ཨ་རིའི་གཞུང་གིས་དཔལ་འབྱོར་དང་ཐོངས་མཆན་སོགས་ཀྱི་ཉེས་ཆད་གཅོད་དགོས་པ་བཟོས་ཡོད།

དེ་མིན་ད་དུང་ཁྲིམས་འཆར་དེའི་ནང་། རྒྱ་ནག་གཞུང་གིས་བོད་ཀྱི་རྒྱལ་ས་ལྷ་སར་ཨ་རིའི་གཞུང་ཚབ་ཡན་ལག་ཅིག་འཛུགས་པའི་ཆོག་མཆན་མ་སྤྲད་བར་དུ། ཨ་རིའི་ནང་རྒྱ་ནག་གི་གཞུང་ཚབ་ཡན་ལག་དང་ལས་དོན་ཁང་གསར་པ་གཅིག་ཀྱང་འཛུགས་མི་ཆོག་པའང་བཟོས་ཡོད། 

བོད་དོན་དང་འབྲེལ་བའི་ཁྲིམས་འཆར་གསར་པ་དེར་རྒྱ་ནག་གིས་ཁོང་ཁྲོའི་རྣམ་འགྱུར་བསྟན་པ་དང་། རྒྱ་ནག་ཕྱི་སྲིད་ལས་ཁུངས་ནས་ཨ་རིའི་སྲིད་འཛིན་ཊོམ་ལ་དེར་མཚན་རྟགས་བརྒྱབས་ནས་དངོས་སུ་ཁྲིམས་ལ་གཏན་འབེབས་བྱེད་མི་ཉན་ཚུལ་བཤད་འདུག 

ཕྱི་ལོ་༡༩༥༩ ལོར་བོད་ས་ཧྲིལ་པོ་མངོན་སུམ་འཛེམས་མེད་དང་ཁྲིམས་འགལ་གྱིས་བཙན་འོག་ཏུ་བསྡུས་ནས་དབང་སྒྱུར་བྱེད་འགོ་བརྩམས་པ་ནས་བཟུང་། རྒྱ་ནག་གིས་རྒྱལ་སྤྱིའི་སྡིངས་ཆའི་ཐོག་ཏུ་བོད་ཀྱི་གནད་དོན་ཆེ་ཕྲ་ཆུང་གསུམ་ཐམས་ཅད་“རྒྱ་ནག་ནང་ལོགས་ཀྱི་གནད་དོན་”ཡིན་ཟེར་བཞིན་ཡོད་པ་ལྟར། ཁ་སང་རེས་གཟའ་མིག་དམར་ཉིན་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ཝང་ཝན་བྷིན་(Wang Wenbin)གྱིས་ཨ་རིའི་ཁྲིམས་འཆར་གསར་པ་དེ་དང་འབྲེལ་བའི་དྲི་བར་ལན་འདེབས་བྱེད་སྐབས། ཁོས་“བོད་དང་། ཐའེ་ཝན། ཧོང་ཀོང་བཅས་ཀྱི་གནད་དོན་རྣམས་རྒྱ་ནག་གི་བདག་དབང་དང་ས་ཁོངས་དང་འབྲེལ་ཡོད། དེ་དག་ཕྱིའི་ཐེ་བྱུས་དང་འབྲེལ་བ་མེད་པའི་རྒྱ་ནག་ནང་ལོགས་ཀྱི་གནད་དོན་འབའ་ཞིག་ཆགས་ཡོད་”ཅེས་བཤད་པའི་ཐོག “ཨ་རྒྱའི་སྤྱི་ཡོངས་ཀྱི་འབྲེལ་ལམ་དང་། མཉམ་འབྲེལ་ལ་མུ་མཐུད་གནོད་སྐྱོན་མི་གཏོང་བའི་ཆེད། ང་ཚོས་ཨ་རིའི་ཕྱོགས་ནས་རྒྱ་ནག་ནང་ལོགས་ཀྱི་གནད་དོན་ལ་ཐེ་བྱུས་བྱེད་མཚམས་བཞག་སྟེ། རྒྱ་ནག་དང་འབྲེལ་བའི་ཁྲིམས་འཆར་གཏན་འབེབས་སམ་དང་ལག་བསྟར་བྱེད་མི་ཉན་ཟེར་གྱི་ཡོད་”ཅེས་བསྣན་འདུག 

གལ་སྲིད་སྲིད་འཛིན་ཊོམ་གྱིས་༢༠༢༠ ལོའི་བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་གྱི་ཁྲིམས་འཆར་ལ་མཚན་རྟགས་བསྐྱོན་ནས་དངོས་སུ་ཨ་རིའི་རྒྱལ་ཁབ་ཀྱི་ཁྲིམས་ལ་འགྱུར་བ་ཡིན་ན། དེ་ཨ་རིའི་གཞུང་ནས་འདས་པའི་ལོ་ངོ་༦༠ ཙམ་གྱི་ནང་དུ་བཞག་པའི་བོད་དོན་རྒྱབ་སྐྱོར་གྱི་བཅའ་ཁྲིམས་གལ་གནད་ཆེ་ཤོས་སུ་འགྱུར་རྒྱུ་ཡིན་འདུག ། 

གསར་འགོད་པ་དཀོན་མཆོག་རབ་བརྟན།