རྒྱ་ནག་གིས་ཨ་རིར་བྱང་ཀོ་རི་ཡའི་དཀའ་ངལ་དེ་ཞི་བའི་ངང་སེལ་དགོས་ཟེར།

རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གིས་ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་ལ། བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆ་བཟོ་སྐྲུན་དང་ཚོད་ལྟའི་དཀའ་ངལ་དེ་སེལ་ཐབས་སུ་ཞི་བའི་ལམ་ལ་བརྟེན་དགོས་སྐོར་བརྗོད་ཡོད་འདུག

ཟླ་འདིའི་ཚེས་༡༢ ཉིན་གྱི་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཞི་ཅིན་ཕིང་གིས་ཌོ་ནལ་ཊོམ་ལ་ཁ་པར་བཏང་ནས། བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆ་རྣམས་ནུས་མེད་བཟོ་དགོས་རྒྱུ་དེ་ཀོ་རི་ཡའི་ཁུལ་གྱི་ཞི་བདེ་དང་ལྷིང་འཇགས་སྲུང་སྐྱོབ་ཆེད་དུ་གལ་ཆེན་ཡིན་པ་དང་། དེ་ལྟར་བྱེད་པར་ཞི་བའི་ཐབས་ལམ་བརྟེན་དགོས་སྐོར་དང་། རྒྱ་ནག་ཕྱོགས་ནས་གནད་དོན་དེ་སེལ་ཆེད་ཨ་རི་དང་འབྲེལ་ལམ་མུ་མཐུད་བྱེད་འདོད་ཡོད་ཅེས་བརྗོད་ཡོད་འདུག

སྲིད་འཛིན་གཉིས་བར་གྱི་སྐད་ཆ་དེ་ཉེ་བའི་ཆར་ཨ་རིས་སི་རི་ཡའི་དམག་མིའི་གནམ་ཐང་ཞིག་ཏུ་མེ་ཤུགས་ཕུར་མདའ་གཡུགས་པ་དང་། བྱང་ཀོ་རི་ཡ་རུ་དྲག་རྒོལ་བྱེད་སྲིད་སྐོར་གྱི་ཉེན་བརྡ་བཏང་པའི་རྗེས་སུ་བྱུང་བ་ཞིག་ཡིན་པ་རེད།

དེ་སྔོན་སྲིད་འཛིན་ཊོམ་གྱིས་གལ་ཏེ་རྒྱ་ནག་གིས་བྱང་ཀོ་རི་ཡའི་དཀའ་ངལ་སེལ་རོགས་བྱས་ན་ཡག་ཤོས་རེད། གལ་ཏེ་བྱེད་འདོད་མེད་ན་ཨ་རི་གཅིག་པུས་དཀའ་ངལ་དེ་སེལ་གྱི་ཡིན་ཞེས་སྤྱི་ཚོགས་འབྲེལ་མཐུད་དྲ་ལམ་ཏུ་བཀོད་ཡོད་པ་དང་། ཨ་རིས་དམག་གི་མཚོ་གྲུ་ཀོ་རི་ཡའི་མཚོ་ཁུལ་དུ་བཏང་བས། བྱང་ཀོ་རི་ཡས་ངོ་རྒོལ་ཤུགས་ཆེན་བྱས་ནས། དེ་སྔོན་ནས་རྡུལ་ཕྲན་མཚོན་ཆ་བཟོ་སྐྲུན་བྱས་པ་དེ་འགྲིག་ཡོད་པ་དང་། ད་ལྟའི་ཆར་རང་སྲུང་བྱེད་རྒྱུ་ཡོད་པས། དམག་གི་ཤུགས་དྲག་ཆེན་པོས་རང་སྲུང་བྱ་རྒྱུ་ཡིན་སྐོར་བརྗོད་ཡོད་འདུག

བྱང་ཀོ་རི་ཡའི་དཔལ་འབྱོར་གྱི་རྟེན་གཞི་གཙོ་བོ་ནི་རྒྱ་ནག་ཡིན་པས། ཨ་རི་གཙོས་པའི་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་བདེ་འཇགས་ལྷན་ཚོགས་ཀྱིས། རྒྱ་ནག་གིས་བྱང་ཀོ་རི་ཡར་དཔལ་འབྱོར་གྱི་གནོན་ཤུགས་སྤྲོད་དགོས་སྐོར་ནན་བརྗོད་བྱས་མྱོང་ཡོད་པས། ཟླ་༢ པའི་ཚེས་༡༨ ཉིན་རྒྱ་ནག་གི་ཚོང་འབྲེལ་བློན་ཆེན་ལྷན་ཁང་གིས། ཉེ་བའི་ཆར་བྱང་ཀོ་རི་ཡས་རྡུལ་ཕྲན་མཚོན་ཆ་དང་མེ་ཤུགས་འཕུར་མདའི་ནུས་པ་ཚོད་ལྟ་བྱས་པར་བརྟེན། མཉམ་སྦྲེལ་རྒྱལ་ཚོགས་ཀྱི་བདེ་འཇགས་ལྷན་ཚོགས་ཀྱིས་རྒྱལ་ཁབ་དེར་དཔལ་འབྱོར་གྱི་ཉེས་ཆད་བཏང་བ་ལྟར། རྒྱ་ནག་གིས་ཀྱང་བྱང་ཀོ་རི་ཡ་ནས་རྡོ་སོལ་ནང་འདྲེན་ལོ་འདིའི་ལོ་མཇུག་བར་མཚམས་འཇོག་བྱ་རྒྱུ་དང་། ཐག་གཅོད་དེ་ཟླ་༢ པའི་ཚེས་༡༩ ཉིན་ནས་ལག་ལེན་དངོས་སུ་བསྟར་རྒྱུ་ཡིན་སྐོར་གྱི་བསྒྲགས་གཏམ་སྤེལ་ཡོད་པ་རེད།།

གསར་འགོད་པ་སྐལ་བཟང་དོན་གྲུབ།