རྒྱ་ནག་གིས་ཨུ་རུ་སུ་ལ་བཏང་བའི་དམག་མི་གཉིས་ཡུག་རེན་གྱིས་འཛིན་བཟུང་བྱས་ཡོད་འདུག

རྒྱ་ནག་གིས་ཨུ་རུ་སུ་ལ་དམག་འཁྲུག་ཆེད་དུ་རོགས་རམ་བྱེད་ཀྱི་མེད་ཚུལ་དང་། དམག་འཁྲུག་འདིར་བར་གནས་ཡིན་ཚུལ་རྗོད་ཀྱི་ཡོད་ཀྱང་། ཉེ་ཆར་ཡུག་རེན་གྱིས་རྒྱ་ནག་གི་དམག་མི་གཉིས་འཛིན་བཟུང་བྱས་ཡོད་འདུག་པར་བརྟེན། ཡུག་རེན་གྱི་སྲིད་འཛིན་གྱིས་རྒྱ་ནག་གི་ངོས་ནས་དེ་ལ་ལན་འདེབས་བྱེད་དགོས་པའི་དགོས་འདུན་བཏོན་འདུག
ཕྱི་ཚེས་༩ ཉིན་རྒྱལ་སྤྱིའི་གསར་ཁང་ཆེ་ཁག་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཁ་སང་གཟའ་མིག་དམར་ཉིན་ཡུག་རེན་གྱི་དམག་མི་ཡིས་དམག་འཁྲུག་རྒྱག་ས་ནས་རྒྱ་ནག་གི་དམག་མི་གཉིས་འཛིན་བཟུང་བྱས་ཡོད་འདུག་པ་དང་། གནད་དོན་དེ་ལ་བལྟས་ན་རྒྱ་ནག་གིས་ཨུ་རུ་སུ་ལ་རོགས་རམ་བྱེད་ཀྱི་མེད་ཅེས་རྗོད་ཀྱི་ཡོད་ཀྱང་། དོན་དངོས་ཐོག་རྒྱ་ནག་གིས་ཨུ་རུ་སུ་ལ་དམག་མི་གཏོང་གི་ཡོད་པའི་དཔང་རྟགས་རག་ཡོད་པས། ཡུག་རེན་གྱི་སྲིད་འཛིན་གྱིས་རྒྱ་ནག་གིས་གནད་དོན་དེའི་སྐོར་ལན་འདེབས་བྱེད་དགོས་པའི་དགོས་འདུན་བཏོན་ཡོད་འདུག། འཛིན་བཟུང་བྱས་པའི་དམག་མི་དེ་གཉིས་ཀྱི་དངུལ་ཁང་གི་བྱང་བུ་(Bank Card)དང་། གཞན་ངོ་སྤྲོད་ལག་འཁྱེར་ཚང་མའི་ནང་རྒྱ་མི་ཡིན་པའི་དཔང་རྟགས་རག་ཡོད་འདུག་པ་དང་། ཡུག་རེན་གྱི་ཕྱི་སྲིད་བློན་ཆེན་(Andrii Sybiha)ཡིས་རྒྱ་ནག་ནི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གཏན་འཇགས་སྲུང་སྐྱོབ་ལྷན་ཚོགས་ཀྱི་ནང་དུ་ཡོད་ཀྱང་། ད་དུང་ཨུ་རུ་སུའི་བཙན་འཛུལ་ལ་རྒྱབ་སྐྱོར་བྱེད་དགོས་དོན་གང་ཡིན་མིན་གསལ་བཤད་བྱེད་དགོས་པའི་དགོས་འདུན་བཏོན་ཡོད་འདུག་ལ། ཨ་རིའི་གཞུང་གིས་ཀྱང་གནད་དོན་འདི་ནི་ཧ་ཅང་གིས་རྩོད་རྙོག་ཆེན་པོ་ཞིག་ཆགས་པ་རེད་ཅེས་བརྗོད་འདུག འོན་ཀྱང་དབྱིན་ཡུལ་གཞུང་གི་གསང་བའི་ལས་ཁུངས་ཀྱིས་ད་ལྟ་འཛིན་བཟུང་བྱས་པའི་རྒྱ་ནག་གི་དམག་མི་གཉིས་དང་རྒྱ་ནག་གཞུང་བར་འབྲེལ་བ་ཡོད་མེད་ད་བར་དཔང་རྟགས་གང་ཡང་རག་མེད་པར་བརྗོད་འདུག
དེ་བཞིན་ཡུག་རེན་གྱི་སྲིད་འཛིན་གྱིས་(Donetsk)ས་ཁུལ་གྱི་དམག་འཁྲུག་ཁྲོད་རྒྱ་ནག་གི་དམག་མི་དྲུག་ཤེས་རྟོགས་བྱུང་ཡོད་ཀྱང་། གཉིས་གསོན་པོ་འཛིན་བཟུང་བྱེད་ཐུབ་ཡོད་པ་དང་། ད་དུང་རྒྱ་ནག་གི་དམག་མི་དེ་ལས་མང་བ་ཡོད་པར་བརྗོད་འདུག ཨུ་རུ་སུའི་ནུབ་ཕྱོགས་ཀྱི་(Kursk)ས་ཁུལ་དུ་ཡུག་རེན་གྱིས་བཙན་བཟུང་བྱས་ཡོད་འདུག་པར་བརྟེན། ཨུ་རུ་སུའི་ངོས་ནས་ཡུག་རེན་གྱིས་བཙན་བཟུང་བྱས་པའི་ས་ཆ་དེ་དག་ཚུར་རག་ཐབས་བྱེད་ཀྱི་ཡོད་པར་བརྗོད་འདུག་ལ། དམག་སའི་ཁྲོད་ཨུ་རུ་སུའི་དམག་དཔུང་གིས་ནུས་པ་ཆེན་པོ་ཐོན་བཞིན་ཡོད་ཚུལ་ཡང་རྗོད་ཀྱི་ཡོད་འདུག ཡུག་རེན་གྱིས་དེ་ལ་ལན་འདེབས་གང་ཡང་བྱས་མི་འདུག འོན་ཀྱང་། ས་ཁུལ་དེ་དག་གི་ནང་ཡོད་པའི་ཨུ་རུ་སུའི་གནམ་ཐང་ཚང་མ་གནས་སྐབས་རིང་སྒོ་རྒྱག་བཅུག་ཡོད་འདུག་པ་དང་། ད་ལྟ་རྒྱལ་ཁབ་གཉིས་ཀྱི་ས་མཚམས་སུ་མི་མེད་གནམ་གྲུ་ཡིས་ཕྱོགས་གཉིས་ཀར་གཏོར་རྒོལ་ཆེན་པོ་བྱེད་བཞིན་ཡོད་འདུག
ཡོ་རོབ་ཀྱི་རྒྱལ་ཁབ་ཚོས་ཨ་རིའི་དམག་མི་ཡོ་རོབ་གླིང་ཕྲན་ནང་སྔར་ལས་མང་དུ་གཏོང་དགོས་པའི་དགོས་འདུན་འདོན་གྱི་ཡོད་འདུག་ཀྱང་། ཡོ་རོབ་ནང་དུ་ཡོད་པའི་ཨ་རིའི་དམག་སྤྱི་ཆེན་མོ་(Christopher Cavoli)ཡིས་ད་ལྟ་ཡོ་རོབ་ནང་ཨ་རིའི་དམག་མི་༡༠༠༠༠༠ ལྷག་ཙམ་ཡོད་ཀྱང་། དམག་མི་ཉུང་དུ་གཏོང་རྒྱུའི་ཐད་གྲོས་བསྡུར་རིམ་པ་བྱེད་བཞིན་ཡོད་པར་བརྗོད་འདུག དམིགས་བསལ་ད་ལྟའི་སྲིད་འཛིན་ཊོམ་གྱི་དུས་སྐབས་སུ་ཡོ་རོབ་ནང་ཨ་རིའི་དམག་མི་ཉུང་དུ་གཏོང་ཐབས་བྱེད་ཀྱི་ཡོད་པས། ཨ་རིའི་དམག་མི་ཡོ་རོབ་ནང་གཏན་དུ་འཇོག་གི་རེད་བསམ་པའི་བསམ་བློ་དེ་སྔར་ནས་དོར་ན་ལེགས་ཚུལ་བརྗོད་འདུག ཕྱི་ལོ་༢༠༢༢ ནང་ཨུ་རུ་སུས་ཡུག་རེན་ལ་བཙན་འཛུལ་བྱེད་དུས་ཨ་རིའི་གཞུང་གིས་ཡོ་རོབ་ནང་དམག་མི་༢༠༠༠༠ ཁ་སྣོན་བཏང་ཡོད་འདུག་ཀྱང་། ད་ཆར་ཇེ་ཉུང་དུ་གཏོང་རྒྱུ་ཡིན་པ་ཨ་རིའི་བདེ་སྲུང་ལྷན་ཁང་(Pentagon)་ནས་བརྗོད་ཡོད་འདུག
ཡུག་རེན་དང་ཨུ་རུ་སུ་གཉིས་བར་གྱི་དམག་འཁྲུག་དེ་ཁ་ཕྱོགས་གཞན་ཞིག་ལ་འགྲོ་སྲིད་པ་ཡིན་འདུག་ལ། ཨ་རིའི་གཞུང་གིས་རྒྱལ་ཁབ་དེ་གཉིས་བར་དམག་འཁྲུག་མཚམས་འཇོག་ཡོང་ཐབས་བྱེད་ཀྱི་ཡོད་ཀྱང་། ཨུ་རུ་སུའི་ངོས་ནས་ད་དུང་ཡ་ལན་ཡག་པོ་ཞིག་སྤྲོད་ཀྱི་མེད་ཅིང་། བདུན་ཕྲག་སྔོན་མར་ཨ་རིའི་གཞུང་གིས་ཨུ་རུ་སུས་བདུན་གཅིག་ནང་དམག་འཁྲུག་མཚམས་འཇོག་བྱེད་མིན་གྱི་སྐོར་ལན་འདེབས་བྱེད་རྒྱུ་ཡིན་ཚུལ་བརྗོད་ཡོད་འདུག་ཀྱང་། ད་དུང་ལན་གང་ཡང་རག་མེད་པ་སྲིད་དོན་དཔྱད་བརྗོད་པ་ཚོས་ཚོད་དཔག་བྱེད་ཀྱི་འདུག གལ་སྲིད་ཨུ་རུ་སུས་དམག་འཁྲུག་མཚམས་འཇོག་གི་གྲོས་མོལ་ལ་ཡང་ལན་མེད་ཚེ་ཨ་རིའི་གཞུང་གིས་དཔལ་འབྱོར་ཉེས་ཆད་སྔར་ལས་ཇེ་ཆེར་འགེལ་རྒྱུ་དང་། ཡུག་རེན་ལ་གོ་མཚོན་གྱི་རོགས་རམ་ཤུགས་ཆེ་རུ་གཏང་རྒྱུ་ཡིན་པ་བརྗོད་འདུག་པས། མ་འོངས་པར་གོ་ལའི་ཁྱོན་ཡོངས་ཀྱི་བདེ་འཇགས་ཐད་ཉེན་ཁ་ཆེན་པོ་ཡོད་འདུག
གསར་འགོད་པ། བསོད་ནམས་ཕུན་ཚོགས།