རྒྱ་ནག་གིས་ཨོ་སི་ཀྲོ་ལི་ཡ་དང་གྲོས་མོལ་གལ་ཆེན་ཞིག་ཕྱིར་འཐེན་བྱས་འདུག
ཨོ་སི་ཀྲོ་ལི་ཡ་དང་རྒྱ་ནག་བར་གྱི་འབྲེལ་ལམ་ཚད་གཞི་དམའ་རུ་འགྲོ་བཞིན་པའི་སྐབས་དེར། རྒྱ་ནག་གིས་ཕྱོགས་གཉིས་བར་དཔལ་འབྱོར་གྱི་འབྲེལ་ལམ་དང་འབྲེལ་བའི་གྲོས་མོལ་གལ་གནད་ཆེ་བ་ཞིག དུས་ཚོད་ངེས་མེད་རིང་ཕྱིར་འཐེན་བྱས་འདུག་པས། ཨོ་སི་ཀྲོ་ལི་ཡས་བློ་ཕམ་ཡོད་སྐོར་བརྗོད་འདུག
ཟླ་༥ པའི་ཚེས་༦ ཉིན་རྒྱ་ནག་གཞུང་གིས་གསལ་བསྒྲགས་ཤིག་སྤེལ་ཏེ། ཉེ་ཆར་ཨོ་སི་ཀྲོ་ལི་ཡའི་གཞུང་གི་མཐོ་རིམ་ལས་བྱེད་ཁག་ཅིག་གིས། གྲང་དམག་གི་བསམ་བློའི་ཐོག་ནས་ལྟ་བ་དབྱེ་འབྱེད་བྱས་ཏེ། ཨོ་སི་ཀྲོ་ལི་ཡ་དང་རྒྱ་ནག་བར་གྱི་རྒྱུན་ལྡན་ཚོང་འབྲེལ་དང་མཉམ་ལས་ལ་འགོག་རྐྱེན་བཟོ་བའི་ལས་དོན་སྣ་མང་ཞིག་སྤེལ་ཡོད་སྐོར་བརྗོད་ནས། ཐེངས་འདིར་རྒྱ་ནག་དང་ཨོ་སི་ཀྲོ་ལི་ཡ་བར་གྱི་ཐབས་བྱུས་ལྡན་པའི་དཔལ་འབྱོར་གྱི་གྲོས་མོལ་དེ་དུས་ཚོད་ངེས་མེད་རིང་ཕྱིར་འཐེན་བྱེད་རྒྱུ་ཡིན་སྐོར་བསྒྲགས་འདུག
ཨོ་སི་ཀྲོ་ལི་ཡ་གཞུང་གིས་དེ་སྔོན་གྲོས་མོལ་དེ་ནི་ཕྱོགས་གཉིས་བར་གྱི་དཔལ་འབྱོར་གྱི་ཚོགས་འདུ་གལ་གནད་ཆེ་ཤོས་གྲས་ཤིག་ཡིན་སྐོར་བརྗོད་མྱོང་འདུག་པས། ཐེངས་འདིར་རྒྱ་ནག་ལ་ཐག་གཅོད་ལ་བློ་ཕམ་ཡོད་ཀྱང་། གྲོས་མོལ་ཆེད་དུ་ག་དུས་ཡིན་ཡང་གྲ་སྒྲིག་ཡོད་སྐོར་བརྗོད་འདུག
ཨོ་སི་ཀྲོ་ལི་ཡ་གཞུང་གིས་ཏོག་དབྱིབས་ནད་དུག་འབྱུང་ཁུངས་ཐོག་ལ་རང་དབང་ལྡན་པའི་རྒྱལ་སྤྱིའི་རྟོག་ཞིབ་བྱེད་དགོས་པའི་དགོས་འདུན་བཏོན་ཡོད་ཁར། ཧོང་ཀོང་ནང་དུ་ལག་བསྟར་བྱས་པའི་རྒྱལ་ཁབ་ཀྱི་བདེ་འཇགས་ཁྲིམས་ལ་ཡང་དགག་པ་བརྒྱབ་ཡོད་པས། རྒྱ་ནག་གིས་ཨོ་སི་ཀྲོ་ལི་ཡ་ནས་གླང་ཤ གདུང་ཤིང་། རྡོ་སོལ། ཆང་སོགས་ནང་འདྲེན་བཀག་འགོག་བྱས་པ་སོགས་རྒོལ་ལན་བསློགས་ཡོད་ཁར། ལོ་སྔོན་མའི་ཟླ་༩ པའི་ནང་རྒྱ་ནག་ནང་དུ་ཡོད་པའི་ཨོ་སི་ཀྲོ་ལི་ཡའི་གསར་འགོད་པ་མཐའ་མ་གཉིས་བདེ་འཇགས་ཀྱི་སེམས་འཚབ་འོག་ཕྱིར་ལོག་བྱས་ཡོད་པ་སོགས་ད་ལྟའི་ཆར་ཕྱོགས་གཉིས་ཀྱི་འབྲེལ་ལམ་ཚད་གཞི་དམའ་བོར་གནས་ཡོད་པ་རེད་ལ། དེའི་ཐོག་ཉེ་ཆར་ཟླ་༤ པའི་ཟླ་མཇུག་ཏུ། ཨོ་སི་ཀྲོ་ལི་ཡ་གཞུང་གིས་དབང་ཚད་བེད་སྤྱད་ནས་རྒྱལ་ཁབ་དེའི་མངའ་སྡེ་ཝིག་ཀྲོ་རི་ཡ་དང་རྒྱ་ནག་གཞུང་བར་རྒྱུད་གཅིག་དང་ལམ་གཅིག་གི་གྲོས་མཐུན་གཉིས་བཞག་པ་དེ་རྩིས་མེད་བཏང་འདུག་པས། རྒྱ་ནག་གཞུང་གིས་སྐྱོན་བརྗོད་ཆེན་པོ་བྱས་ཡོད་པ་དང་། ཐེངས་འདིར་རྒྱ་ནག་གིས་དཔལ་འབྱོར་གྱི་གྲོས་མོལ་ཕྱིར་འཐེན་བྱས་པ་དེ་རྒོལ་ལན་ཡིན་པ་ངོས་འཛིན་བྱེད་བཞིན་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།