རྒྱ་ནག་གོང་མའི་དམ་ཕྲུག་ཅིག་ཨ་སྒོར་ས་ཡ་༢༢ ལ་བཙོང་།
ཟླ་འདིའི་ཕྱི་ཚེས་༡༥ ཉིན་སྦི་སྦི་སི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། རྒྱ་མི་གནའ་དངོས་སྡུ་རུབ་པ་ཞིག་གིས་དུས་རབས་༡༨ པའི་རྒྱ་ནག་མན་ཇུ་གོང་མ་དྲུག་པ་ཆན་ལོང་གི་དམ་ཕྲུག་ཅིག་ལ། ཨ་སྒོར་ས་ཡ་༢༢ སྤྲད་ནས་ཉོས་ཡོད་པ་དང་། དེ་ནི་ད་བར་དམ་ཕྲུག་དེའི་གོང་ཚད་མཐོ་ཤོས་ཆགས་ཀྱི་ཡོད་འདུག
དེ་སྔོན་ཨེ་ཤི་ཡའི་སྒྱུ་རྩལ་ཆེད་མཁས་པ་ཨ་ལི་སི་ཇོ་སུམ་གྱིས་ཨེ་ཧྥེ་ཕིའི་གསར་ཁང་ལ་དམ་ཕྲུག་དེ་ཡོ་སྒོར་འབུམ་༨ དང་ས་ཡ་༡ ཡས་མས་ལ་འཚོང་རྒྱུའི་རེ་བ་ཡོད་ཚུལ་བཤད་མྱོང་ཡོད་འདུག་ཀྱང་། ད་ཐེངས་ཡོ་སྒོར་ས་ཡ་༢༡ གི་གོང་ཚད་བར་རིམ་བཞིན་འཕར་བ་བྱུང་ཡོད་འདུག དེ་སྔོན་མཐོ་ཚོང་ལས་དམ་ཕྲུག་རིན་གོང་ཆེ་ཤོས་ཕྱི་ལོ་༢༠༡༡ ལོར་དམ་ཕྲུག་ཅིག་ལ་ཡོ་སྒོར་ས་ཡ་༡༤ ཡི་གོང་ཚད་དུ་བཙོང་ཡོད་པ་རེད་འདུག
ཆན་ལོང་གི་དམ་ཕྲུག་དེ་ནི་རྡོ་ཁ་རི་ཞེས་པའི་གཏེར་དངོས་དཀར་དམར་གཉིས་ཀའི་ཆ་ཡོད་པ་ཞིག་ལས་གྲུབ་ཅིང་། དེའི་བོངས་ཚད་ལག་མཐིལ་ཙམ་ཡོད་པ་དང་། ཕྱི་ངོས་སུ་འབྲུག་གི་བརྐོས་རིས་༩ ཡོད་འདུག་པ་དེ་དག་གིས་སྐྱེས་པ་ཕོའི་རང་བཞིན་དང་། གོང་མའི་དབང་ཚད་མཚོན་གྱི་ཡོད་འདུག ཐོག་མར་དམ་ཕྲུག་དེ་དུས་རབས་༡༩ པའི་ནང་རྒྱ་ནག་ཏུ་བསྐྱོད་མཁན་ཧྥ་རན་སིའི་མཚོ་དམག་སྨན་པ་ཞིག་གི་ལག་ཏུ་སོན་ནས། ད་བར་ཁོའི་ཁྱིམ་དུ་ཉར་ཡོད་ཀྱང་ཟླ་འདིའི་ཚེས་༡༤ བཙོང་བ་ཡིན་འདུག
དམ་ཕྲུག་དེ་ནི་དུས་རབས་༡༨ པ་ཕལ་མོ་ཆེར་རྒྱ་ནག་དབང་བསྒྱུར་བྱེད་མཁན་གྱི་མན་ཇུ་གོང་མ་དྲུག་པ་ཆན་ལོང་ཟེར་བ། སྒྱུ་རྩལ་ལ་མཁས་ཤིང་དགའ་བ་ཞིག་བྱུང་ཡོད་པ་དེའི་སྐབས་སུ་ལས་ཐམ་དུ་བཟོས་པ་ཞིག་ཡིན་འདུག་ལ། ཁོང་གི་དུས་སུ་ལས་ཐམ་༡༨༠༠ ཐམ་པ་བཟོས་ཡོད་འདུག་ཀྱང་། དེ་དག་ལས་༧༠༠ མཐོང་རྒྱུ་མེད་པ་ཆགས་ཟིན་པ་དང་། ༡༠༠༠ པེ་ཅིང་དུ་ཡོད་པའི་རྒྱ་ནག་གོང་མའི་འགྲེམས་སྟོན་ཁང་ཞིག་ཏུ་ཡོད་འདུག །
གསར་འགོད་པ་བཀྲ་ཤིས་དོན་གྲུབ།