རྒྱ་ནག་གི་ཁང་རྩེག་ཅིག་བརྡིབས་ནས་མི་༥༣ གྱི་ཚེ་སྲོག་ཤོར་འདུག
ཟླ་འདིའི་ཚེས་ ༦ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཕྱི་ཟླ་༤ པའི་ཚེས་ ༢༩ ཉིན་རྒྱ་ནག་ཝང་ཁྲན་རྫོང་གི་གྲོང་ཁྱེར་ཁྲན་ཧྲན་ནང་དུ་ཁང་པ་ཐོག་རྩེག་དྲུག་ཅན་ཞིག་བརྡིབས་ནས་མི་༥༣ བསད་ཡོད་པ་དང་། ས་རོ་དང་རྡོ་རོ་འོག་ཏུ་ཤོར་བའི་མི་ ༡༠ ཉིན་དྲུག་རྗེས་ཉེན་སྐྱོབ་ཐུབ་པའི་གནས་ཚུལ་ཐོན་འདུག
ས་རོ་རྡོ་འདི་ཡི་འོག་ཏུ་བུད་མེད་ཅིག་ཆུ་ཚོད་༨༨ཙམ་གྱི་རིང་འཚོ་ཐུབ་ཡོད་པ་དང་ཁོ་མོས་གསར་འགོད་པར་བརྗོད་དོན་ ‘‘སྐབས་དེ་དུས་ང་སློབ་སྦྱོང་བྱས་ནས་བསྡད་ཡོད། ངས་འཚོ་ཐབས་ཆེད་ལག་པར་ཆུ་ཉུང་ཉུང་ཞིག་ཡོད་པ་འདི་འཇུས་པ་དང་ཕོ་ཁེབས་ཀྱི་གཟུགས་པོ་དྲོ་པོ་ཉར་ཐབས་བྱས་པ་ཡིན་ཞེས་བརྗོད་འདུག
དོན་རྐྱེན་འདི་དང་འབྲེལ་བའི་མི་དགུ་འཛིན་བཟུང་བྱས་པ་ལས་མི་བཞི་ནི་ཁང་པ་རྩིག་སྐབས་འགན་འཁུར་ཡག་པོ་བྱས་མེད་པ་དང་། གཞན་ལྷག་མ་ ༥ ནི་ཁྲིམས་འགལ་གྱིས་ཡིག་ཆ་རྫུན་བཟོ་བྱས་པའི་ཉེས་འཛུགས་བྱས་འདུག
དོན་རྐྱེན་འདི་ནི་ཁྲིམས་འགལ་གྱི་ཁང་པ་བསྐྱར་དུ་འཛུགས་སྐྲུན་བྱས་པའི་རྒྱུ་རྐྱེན་ཡིན་པར་ཚོད་དཔག་བྱ་བཞིན་ཡོད་འདུག
གསར་འགོད་པ་བདེ་སྒྲོན།