རྒྱ་ནག་གླེང་ཆེད་རྒྱལ་ཁབ་བཞིའི་སྲིད་འཛིན་རྣམས་དྲ་ཐོག་ནས་མཇལ་འཕྲད་བྱེད་གཏན་འཁེལ་འདུག

 རྒྱ་ནག་དམར་ཤོག་དང་མང་གཙོའི་འཛམ་གླིང་གཉིས་ཀྱི་འགལ་ཟླ་མུ་མཐུད་ཤུགས་ཆེར་འགྱུར་བཞིན་པའི་སྐབས་འདིར། རྒྱ་གར་དང་། ཨ་རི། ཨོ་སི་ཁྲུ་ལི་ཡ། ཉི་ཉོང་བཅས་མང་གཙོའི་རྒྱལ་ཁབ་ཆེ་ཤོས་བཞིའི་(The Quad) སྲིད་འཛིན་རྣམས་དྲ་ཐོག་ནས་མཇལ་འཕྲད་བྱས་ཏེ་རྒྱ་ནག་གི་དཀའ་ཉེན་གླེང་མོལ་བྱེད་གཏན་འཁེལ་ཡོད་འདུག

ཕྱི་ཟླ་༣ ཚེས་༩ ཉིན་བརྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། མང་གཙོའི་རྒྱལ་ཁབ་བཞིའི་སྲིད་འཛིན་རྣམས་བདུན་ཕྲག་འདིའི་ནང་དྲ་ཐོག་ནས་མཇལ་འཕྲད་ཀྱིས་གྲོས་མོལ་བྱེད་གཏན་འཁེལ་འདུག་པ་དང་། དེ་ནི་རྒྱ་ནག་དང་ལྷན་དུ་གནད་དོན་འདྲ་མིན་སྣ་ཚོགས་ཐོག་ནས་རྩོད་རྙོག་ཤོར་བའི་མཐུན་ཕྱོགས་རྒྱལ་ཁབ་བཞིའི་དབུ་ཁྲིད་མཐོ་ཤོས་རྣམས་མཉམ་དུ་གྲོས་མོལ་བྱས་པ་ཆེས་ཐོག་མ་དེ་ཆགས་རྒྱུ་ཡིན་འདུག 

མང་གཙོའི་རྒྱལ་ཁབ་བཞིའི་གྲོས་མོལ་ཚོགས་འདུ་(Quadrilateral Security Dialogue) དེ་ཐོག་མར་ཕྱི་ལོ་༢༠༠༧ ལོར་ཧྥི་ལི་པེན་གྱི་རྒྱལ་ས་རུ་འཚོགས་པ་དང་། སྐབས་དེའི་ཉི་ཧོང་གི་སྲིད་བློན་ཤེན་ཛོ་ཨ་བྷེ་(Shinzo Abe) ཡིས་སྣེ་ཁྲིད་དེ་བཙུགས་པའི་མང་གཙོའི་རྒྱལ་ཁབ་བཞིའི་ཚོགས་པ་འདི། རྒྱལ་སྤྱིའི་ཆབ་སྲིད་ཉམས་ཞིབ་པ་ཚོས་དབང་ཤུགས་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱ་ནག་ལ་གདོང་ལེན་དང་ཁ་གཏད་གཅོག་པའི་ཆེད་དུ་བཙུགས་པ་ཞིག་ཏུ་མཐོང་གི་ཡོད།

འདས་པའི་ལོ་ཤས་ནང་། རྒྱ་ནག་གིས་མངོན་སུམ་འཛེམ་མེད་ཐོག་ནས་དམག་ཤུགས་རྒྱ་བསྐྱེད་དང་། ཧམ་བཤད་ཧམ་སྤྱོད་ཤུགས་ཆེ་རུ་གཏོང་བཞིན་སྟབས། རྒྱལ་ཁབ་བཞིས་ཀྱང་མཉམ་འབྲེལ་དམག་སྦྱོང་གི་གཞི་རྒྱ་ཆེ་རུ་གཏོང་བཞིན་ཡོད་དེ། ལོ་སྔོན་མའི་ཕྱི་ཟླ་ ༡༡ ནང་འཚོགས་པའི་ཨ་རི་དང་ཉི་ཧོང་། རྒྱ་གར་བཅས་ཀྱི་ལོ་འཁོར་མཚོ་དམག་དམག་སྦྱོང་ཆེན་མོའི(Malabar) ནང་ཨོ་སི་ཁྲུ་ལི་ཡ་ཡང་མཉམ་ཞུགས་བྱས་ཡོད་པ་རེད། 

ཨོ་སི་ཁྲུ་ལི་ཡ་དེ་སྔོན་ཕྱི་ལོ་༢༠༠༧ ལོར་དམག་སྦྱོང་དེར་མཉམ་ཞུགས་བྱས་པར། རྒྱ་ནག་གིས་ངོ་རྒོལ་ཤུགས་ཆེན་བྱས་པར་བརྟེན། ཨོ་སི་ཁྲུ་ལི་ཡས་རྒྱ་ནག་གི་ངོ་སོ་སྲུང་བའི་ཆེད་དུ་དམག་སྦྱོང་དེར་མཉམ་ཞུགས་བྱེད་མཚམས་བཞག་ཡོད། ཡིན་ན་ཡང་། ན་ནིང་ནས་རྒྱལ་ཁབ་གཉིས་ཀྱི་བར་དུ་ཛ་དྲག་གི་འགལ་ཟླ་དྲག་པོ་འབྱུང་བཞིན་ཡོད་པས། ཨོ་སི་ཁྲུ་ལི་ཡ་ལོ་ངོ་༡༣ རྗེས་སུ་སླར་ཡང་དམག་སྦྱོང་དེའི་ནང་དུ་ཞུགས་ནས་རྒྱ་ནག་གི་ཁ་གཏད་དུ་ལང་རྒྱུ་ཡིན་པའི་རྣམ་འགྱུར་བསྟན་ཡོད། 

མང་གཙོའི་རྒྱལ་ཁབ་བཞིའི་ཚོགས་པ་འདི་ནཱེ་ཐྲོ་(NATO)ལྟར་དངོས་སུ་གཞུང་འབྲེལ་གྱི་གྲོས་མཐུན་བཞག་པའི་ཚོགས་པ་ཞིག་མ་ཡིན་རུང་། རྒྱལ་སྤྱིའི་ཆབ་སྲིད་ཉམས་ཞིབ་པ་ཚོ་དང་རྒྱ་ནག་གིས་འདི་ནི་རྒྱ་ནག་གི་འཕེལ་རྒྱས་འགྲོ་བཞིན་པའི་དབང་ཤུགས་ལ་ཁ་གཏད་གཅོག་མཁན་གྱི་ཚོགས་པ་ཆེ་ཤོས་སུ་མཐོང་གི་ཡོད་འདུག ། 

གསར་འགོད་པ་དཀོན་མཆོག་རབ་བརྟན།