རྒྱ་ནག་ཆབ་སྲིད་དཔྱད་བརྗོད་དང་། ད་ལྟའི་བསམ་གཞིག
དར་ལྕེ་ཟད་པོ།
སྤྱི་ལོ1989ལོར་རྒྱ་ནག་ལ་དྲུག་བཞིའི་དོན་རྐྱེན་ལ་སློབ་ཕྲུག་འབོར་ཆེན་རྒྱ་ནག་དམངས་གཙོའི་ཆེད་དུ་ཡར་ལང་བྱས་པ་དེ་ནུབ་ཕྱོགས་རྒྱལ་ཁབ་གཙོ་བོར་བྱས་པའི་རྒྱལ་སྤྱིའི་ཆབ་སྲིད་པ་མང་པོ་འགོ་བསྐོར་ཐེབས་སྤྱད་ཙམ་ལས་རྒྱ་ནག་དམངས་གཙོ་རིང་ལུགས་འགྱུར་བ་ལ་གྲུབ་འབྲས་གང་ཡང་མ་བྱུང་བ་ཞིག་རེད།
རྒྱ་ནག་ནང་ཁུལ་གྱི་ཆབ་སྲིད་འཐབ་རྩོད་ཀྱི་གནས་ཚུལ་ལ་གོ་རྟོགས་གཏིང་མ་ཡོད་མཁན་ཞིག་མིན་ན་སུ་ཡིན་ཡང་མགོ་སྐོར་ཐེབས་སྲིད་པ་ཞིག་ཀྱང་རེད། སྐབས་དེ་དུས་འཛམ་གླིང་རྒྱལ་ཁབ་སྟོབས་ཆེན་ར་ཤི་ཡ་ལ་དམངས་གཙོར་འགྱུར་ལ་ཉེ་བའི་ལས་འགུལ་ཤུགས་ཆེན་འབྱུང་བཞིན་པ་དང་། འཛམ་གླིང་མང་གཙོའི་ཁ་ཕྱོགས་ལ་ཨ་གསར་འཕར་བའི་སྐབས་ཡིན་པ་དང་། དམངས་གཙོའི་ལྟ་བ་ཅན་གྱི་སྲིད་འཛིན་ཧུ་ཡོ་པང་དང་། ཀྲུ་ཙི་དབྱངས་གཉིས་གཅིག་རྗེས་གཉིས་མཐུད་ཀྱིས་སྲིད་འཛིན་ལ་བསླེབས་པས་མི་དམངས་ཀྱི་ཁྲོད་ནས་དམངས་གཙོའི་རིང་ལུགས་ཀྱི་གོ་རྟོགས་ཤུགས་ཆེན་པོ་སླེབས་མེད་ན་དམངས་གཙོ་རིང་ལུགས་ཀྱི་ལྟ་གྲུབ་ཅན་གྱི་མི་གཉིས་སྲིད་འཛིན་ལ་བསྟུད་མར་སླེབས་མི་སྲིད་པ་དང་། སློབ་ཕྲུག་འབོར་ཆེན་དེ་འདྲ་ཡར་ལང་མི་ཐུབ་པ་སོགས་རྒྱུ་མཚན་ལ་བསམས་ནས་ད་ནི་ལོ་ངོ་བཅུ་ཙམ་གྱི་ནང་ལ་རྒྱ་ནག་དམངས་གཙོ་རིང་ལུགས་འགྱུར་རྒྱུ་ཐེ་ཚོམ་མེད་དོ་བསམས་པ་རེད།
གལ་ཏེ་རྒྱ་ནག་དམངས་གཙོར་འགྱུར་ན་འཛམ་གླིང་རྒྱལ་ཁབ་ཆེ་ཤོས་ཤིག་དམངས་གཙོར་གྱུར་པས་འཛམ་གླིང་ཞི་བདེ་དང་རང་དབང་ཅན་དུ་འགྱུར་བ་ལ་ཕན་ཐོགས་ཆེན་པོ་འབྱུང་བ་ཡིན་པས་རྒྱ་ཡི་སློབ་ཕྲུག་མང་པོ་ནུབ་ཕྱོགས་ལ་འབྱོར་ནས་དམངས་གཙོའི་གོ་རྟོགས་ཆགས་ནས་རྒྱ་ནག་ལ་ལོག་པ་ན་རྒྱ་ནག་དམངས་གཙོར་མྱུར་དུ་འགྱུར་བ་ལ་ཕན་པའི་རེ་བ་ཞིག་བཟུང་ནས་རྒྱ་མིའི་སློབ་ཕྲུག་མང་པོ་ནུབ་ཕྱོགས་ལ་མཐོ་སློབ་ལ་ཞུགས་པ་ལ་དགའ་བསུ་ཞུས་ནས་དྭང་བས་བླངས་པ་དང་། ནུབ་ཕྱོགས་རྒྱལ་ཁབ་ཀྱིས་དཔལ་འབྱོར་གྱི་ཐད་ལ་ཡང་རྒྱ་ནག་ལ་འབྲེལ་བ་ཆེན་པོ་བྱས་པ་རེད། རྒྱ་ནག་གིས་གོ་སྐབས་དེ་ལས་མངོན་པ་མི་གསལ་བའི་ཚུལ་གྱིས་དཔལ་འབྱོར་ཁེ་སང་ཆེན་པོ་ཐོབ་པ་རེད་ལ། རྒྱ་ནག་གིས་སྐབས་དེར་བྱ་གནམ་མཁའ་ལ་འཕུར་བ་ལྟར་གྱིས་རང་རྒྱལ་གྱི་དཔལ་འབྱོར་དེང་རབས་ཅན་དུ་བསྐྱོད་བཞིན་ཡོད་ཅེས་བཤད་པ་ལྟར་དོན་ལ་གནས་པ་ཡང་རེད། དཔལ་འབྱོར་དེ་དག་སྤྱི་ཚོགས་རིང་ལུགས་ཀྱི་ལྟ་བ་རྒྱལ་སྤྱི་ལ་ཁྱབ་སྤེལ་གཏོང་ཆེད་དང་། རྒྱལ་ནང་ལ་འཇོན་ཐང་དང་ནུས་པ་ཅན་ལ་གོ་གནས་ཀྱི་མིང་སྙན་པོ་རེ་རེ་བཏགས་ནས་གླ་ཕོགས་ཆེན་པོ་བྱིན་ནས་དམར་ཤོག་སྲ་བརྟན་གཏོང་བྱེད་དུ་བེད་སྤྱོད་བྱེད་ཡོད་པ་རེད།
དེ་ནས་སྔར་དང་མི་འདྲ་བ་སྤྱི་ཚོགས་རིང་ལུགས་ལྟ་བ་ཅན་གྱི་སྲིད་འཛིན་བསྟུད་མར་བསླེབས་ནས་སྤྱི་ལོ་2010གཡས་གཡོན་གྱི་བར་དུ་ནུབ་ཕྱོགས་རྒྱལ་ཁབ་ཀྱི་དམིགས་ཡུལ་བཟུང་བ་ལྟར་གྱིས་གྲུབ་འབྲས་གང་ཡང་མ་ཐོན་ཡང་། ནུབ་ཕྱོགས་ལ་རྒྱ་རིགས་དམངས་གཙོ་དོན་གཉེར་བ་རེ་ཟུང་ཡོད་པ་སོགས་ལ་བསམས་ནས་རིང་པོ་མི་ཐོགས་པར་ཏན་ཏན་འགྱུར་བ་འགྲོ་རྒྱུ་རེད་བསམས་ནས་རྒྱ་ནག་ལ་འཛིན་པའི་ཆབ་སྲིད་འགྱུར་བ་གང་ཡང་མ་གཏོང་བ་མ་ཟད། རྒྱ་ནག་གིས་ནུབ་ཕྱོགས་སུ་མི་འབོར་སྤོ་ཤུགས་ཆེ་རུ་སོང་བ་དང་། ཁུངས་ཙིའི་ལྟ་གྲུབ་ལྟེ་གནས་ཀྱང་མང་པོ་བཙུགས་པ་ལ་དགག་བྱ་མ་བྱས་པ་རེད། སྐབས་དེ་ཤེད་ནས་བོད་དང་ཤིན་ཅང་སོགས་ཀྱི་འཐབ་རྩོད་ལ་རྒྱབ་སྐྱོར་རེག་དཀའ་བར་གྱུར་བ་དང་། རང་དབང་ས་ལ་ཡོད་པ་རྣམས་ཀྱང་རྒྱ་ནག་ལ་སྐྱོན་བརྗོད་ཀྱི་རྩོམ་ཡིག་འབྲི་བ་ལ་ཞེད་སྣང་བྱུང་བ་ཡང་སྐྲ་ལོ་དམར་སེར་དང་ནག་པོའི་ཁྱད་པར་མེད་པར་གྱུར་པ་རེད། རྒྱ་ནག་ནང་ཁུལ་དུ་ཆབ་སྲིད་དམ་དྲག་ཆེ་རུ་སོང་བ་དང་། ནུབ་ཕྱོགས་པས་རྒྱ་རིགས་སློབ་ཕྲུག་དམངས་གཙོའི་གོ་རྟོགས་གསར་པ་ཅན་དུ་འགྱུར་དུ་རེ་བའི་རྒྱ་རིགས་རྣམས་ཀྱང་རྒྱལ་ཞེན་ཨ་འཐས་སུ་གནས་པ་དང་། རྒྱ་ནག་སྲིད་ཇུས་མི་རིགས་གཞན་ལ་སིམ་འཛུལ་བྱས་ནས་རང་རྒྱལ་ཆེན་པོར་བསྒྱུར་བའི་ཆབ་སྲིད་ཀྱི་ལས་གཞི་འདི་གསར་དུ་དར་བ་མིན་པར་ལོ་ངོ་སྟོང་ཕྲག་གི་སྔོན་གྱི་རྒྱ་མགོ་ལེབ་ཤེས་ཡོན་ཅན་འགའ་ཤས་ཀྱི་སློབ་གསོ་ལས་བྱུང་བ་ཞིག་ཡིན་པ་རྒྱ་ནག་གི་རིག་གཞུང་ལ་རྒྱུས་མངའ་ཡོད་པའི་བོད་པ་རེ་ཟུང་དང་། རྒྱ་ཁོག་ལོན་པའི་ཕྱི་སྡོད་ཀྱི་ཆབ་སྲིད་དཔྱད་བརྗོད་པ་རེ་ཟུང་གིས་ཤེས་ནས་རྩོམ་ཡིག་ཐར་ཐོར་བྲིས་ཀྱང་( བློ་སྤྲང་པོ་ལ་ཡོད་ཀྱང་ཆ་འཇོག་མེད་) ཟེར་བའི་དཔེ་ལ་སོང་ནས་མཉམ་འཇོག་བྱེད་མཁན་མ་བྱུང་བས་གྲུབ་འབྲས་མ་ཐོན་པ་རེད།
ནུབ་ཕྱོགས་རྒྱལ་ཁབ་རྣམས་ལོ་རྒྱུས་ཐོག་ལ་རྒྱ་ལ་འབྲེལ་བ་དེ་ཙམ་མེད་པས་རྒྱ་ནག་གི་རིག་གཞུང་ལ་རྒྱུས་མངའ་མེད་པས་རྒྱ་ཁོག་ལ་རྒྱུས་མངའ་ཅི་བས་ཆུང་བས་2017ཡས་མས་བར་དུ་སྣང་མེད་དུ་ལུས་པ་རེེད།
དེ་ནས་བཟུང་ནས་རྒྱ་རིགས་མང་པོ་ནུབ་ཕྱོགས་ལ་གནས་བཅས་པ་ཧ་ཅང་མང་བས་རྒྱ་ལ་རྒྱུས་མངའ་ཆེ་རུ་སོང་བ་དང་། ཤེས་ཡོན་ཡོད་ཟེར་མཁན་རྒྱ་ཕྲུག་མང་པོ་རྒྱ་ནག་གུང་ཁྲན་ཏང་ལ་རང་འདུན་པར་གྱུར་པ་མཐོང་ནས་རྒྱ་ནག་དམངས་གཙོ་ཕར་བསྒྱུར་རྒྱུའི་ཚབ་ལ་རྒྱ་ནགགིས་ཚུར་དམར་ཤོས་ལ་བསྒྱུར་བའི་ཉེན་ཁ་སླེབས་པའི་གནས་ཚུལ་གཞི་ནས་གོ་རྟོགས་སད་པས་སྔར་སྤྱིལོ་1989ལོར་བསམས་གཞིགས་བྱས་པ་རྦད་དེ་ནོར་འཁྲུལ་ཡིན་པ་གཞི་ནས་ཤེས་ཤིང་། ཁུང་ཙིའི་ལྟེ་གནས་མང་པོ་སྒོ་བརྒྱབ་པ་སོགས་བྱས་པ་སོགས་ད་ལྟ་གནས་ཚུལ་འབྱུང་བཞིན་པ་འདི་རེད།
འོ་ན་རང་ཤུགས་ཀྱིས་དྲི་བ་ཞིག་སླེབས་འོང་བ་ནི་1989ལོ་ལ་རྒྱ་ནག་ལ་དམངས་གཙོའི་རིང་ལུགས་ཀྱི་ལྟ་བ་འཛིན་མཁན་སྲིད་འཛིན་གཉིས་དང་སློབ་ཕྲུག་མང་པོ་དེ་འདྲ་བྱུང་དགོས་པའི་རྐྱེན་རྩ་གང་ཞིག་རེད་ཅེས་དང་། ད་ལྟ་གོ་སྐབས་བཟང་པོ་འདི་འདྲ་ལ་དེ་དག་ལ་སྦྲང་སྐད་ཙམ་ཡང་འདོནཔའི་ནུས་པ་མེད་པར་གྱུར་དགོས་པའི་རྒྱུ་རྐྱེན་གང་ལ་ཐུག་པ་རེད་ཅེས་པའི་དྲི་བ་ཞིག་སུན་སྣང་གིས་གདོང་ལ་གཉེར་མ་བསྡུས་ནས་འདྲི་དགོས་ཐུག་པ་རེད།
འདི་ནི་དུས་རབས་བཅུ་དགུ་པར་རྒྱ་ནག་གོ་མིན་ཏང་མགོ་རྐུབ་སློག་མཁན་གུང་ཁྲན་ཏང་ཚོགས་པ་དང་། ནུབ་ཕྱོགས་མང་གཙོའི་ལྟ་གྲུབ་འཛིན་མཁན་གྱི་མ་རྩ་རིང་ལུགས་ཟེར་བའི་ཚོགས་པ་གཉིས་བྱུང་བ་འདྲ། ནུབ་ཕྱོགས་དམངས་གཙོའི་ལྟ་གྲུབ་འཛིན་མང་པོ་མེད་པ་དང་། མའོ་ཀྲུང་ཞི་རང་ཤེད་ཆེ་བ་དང་འཇོན་ཐང་ཆེ་བ་ལ་འགྲན་མ་བཟོད་ནས་རྒྱ་ནག་རྒྱལ་ཁབ་གུང་ཁྲན་ཏང་གི་ལག་པར་ཤོར་བ་རེད། བརྒྱད་ཅུ་གྱ་གྲངས་ནུབ་ཕྱོགས་ཀྱི་དམངས་གཙོའི་ལྟ་བ་འཛིན་མཁན་ཚོགས་པ་ཡོད་པའི་ཤུགས་རྐྱེན་མ་ཉམས་པར་གསོན་པོར་གནས་ཡོད་པ་དང་། ར་ཤི་ཡ་སོགས་འཛམ་གླིང་རྒྱལ་ཁབ་མང་པོ་དམངས་གཙོ་རིང་ལུགས་སུ་འགྱུར་བ་ལ་ཁ་ཕྱོགས་བཞིན་པའི་སྐབས་དང་ཁེལ་བས་འུར་འདྲོགས་ལངས་ནས་ཡར་ལོང་བྱུང་བ་ཡིན་ཞིང་། དེ་ནས་སྒོར་མོ་ཁོ་ནས་མང་ཚོགས་ཀྱི་བློ་ཡིད་བཀུགས་ནས་གུང་ཁྲན་ཏང་རྒྱུན་འཁྱོངས་བྱས་ཤིང་། གུང་ཁྲན་ཏང་གི་ཆེད་དུ་ཅི་ཡང་བྱ་བཏུབ་པ་ནི་གུང་ཁྲན་ཏང་ཙམ་མིན་པ་དབང་ཆ་གཅིག་སྡུད་པ་ཞིག་ལ་མཚོན་ན་མ་ཐུབ་ནས་དབང་ཆ་ཤོར་བ་ཙམ་ལས་རང་མོས་ཀྱིས་གློད་མཁན་ཞིག་མྱོང་ཡོད་ཀྱི་མ་རེད།
ད་ལྟའི་ཆར་རྒྱ་ནག་གི་ཆབ་སྲིད་ལ་བསམ་གཞིག་གཅིག་ནི། འཛམ་གླིང་དམག་ཆེན་གཉིས་པ་མཇུག་བསྡུས་ནས་འཁྲུངས་ཆ་ཧ་ཅང་དོད་པའི་2020ལོ་འདི་ལ་ཡང་རྒྱ་ནག་གི་ཆབ་སྲིད་ལ་བསམ་གཞིག་གཅིག་བྱེད་རྒྱུ་གཅིག་ལྷག་ཡོད་པ་རེད། དེ་ནི་རྒྱ་ནག་གིས་ཏོག་དབྱིབས་ནད་དུག་ཟླ་བ་གཉིས་ཀྱི་རིང་ལ་གསང་བ་བྱས་ནས་ཨ་རི་སོགས་ལ་ཏོག་དབྱིབས་ནད་པ་གནམ་གྲུ་རྒྱ་ཕྲག་འགའ་ཤས་བཏང་བས་འཛམ་གླིང་རྒྱལ་ཁབ་རྣམས་རྒྱ་ནག་ལ་ཡིད་སུན་ནས་མ་བསྒྲིལ་རང་འདུས་ཀྱིས་རྡོག་གཅིག་ཏུ་འདྲིལ་བའི་སྐབས་འདིར། རྒྱ་ནག་གིས་རྒྱ་གར་ལ་དགྲ་བསགས་པ་དང་། ཐེ་ཝན་དང་། ཝིར་ཏི་ནམ། རྩོད་གཞི་ཅན་གྱི་ཞི་བདེ་རྒྱ་མཚོ་ལ་རྙོག་གྲ་སླར་ཡང་བསླངས་ནས་ཁྱིམ་མཚེས་རྒྱལ་ཁབ་མང་པོ་དགྲ་ལ་བཟོས་པ་འདི་ཡི་དམིགས་ཡུལ་ཅི་ཞིག་ཡིན་ནམ། འགའ་རེས་ཟེར་ན། ནང་ལ་གྱེན་ལོག་འགོག་ཆེད་དུ་བྱས་པ་རེད་ཟེར། དེ་ཡིན་ན་དགྲ་མང་པོ་གསོག་དགོས་དོན་མེད་ལ་དགྲ་ལང་བཞིན་པ་དངོས་ཡོད་གནས་ཚུལ་ཡིན་པས་དེ་ཆབ་བསྒྲགས་བྱས་ན་དེ་གས་འགྲིག་པ་མ་ཟད། རྒྱ་ནག་ལ་གྱེན་ལོག་གི་ཛ་དྲག་གནས་ཚུལ་དེ་འདྲ་ད་ལྟ་གང་ཡང་མེད་པས་རྣམ་རྟོག་བསུས་པ་ཙམ་ལས་དངོས་ཡོད་གནས་ཚུལ་གྱི་གནད་དོན་མིན།
ང་ཚོས་སྐབས་འདིར་རྒྱ་ནག་གི་ཆབ་སྲིད་ལ་བསམ་གཞིག་གསར་པ་གཅིག་བྱ་དགོས་པ་ནི། རྒྱལ་ཁབ་མང་པོ་རྒྱ་ནག་གི་བྱེད་སྟངས་ལ་ཞེན་པ་ལོག་ནས་ཡོད་སྐབས་སུ་རྒྱ་ནག་གིས་ད་དུང་ཁྱིམ་མཚེས་རྒྱལ་ཁབ་མང་པོ་དགྲ་རུ་སློང་བ་འདིས་མཐར་ཐུག་ཁྱོད་ལ་ཁེ་སང་ཅི་ཞིག་ཐུབ་ཀྱི་ཡོད་རེད། ང་ཚོས་ཁེ་ཕན་ཞིག་ཡོད་མདོག་རྩ་བ་ནས་མཐོང་གི་མི་འདུག །གལ་ཏེ་མ་འོངས་པ་ན་ང་ཚོའི་བསམ་ཡུལ་ལས་འདས་པ་གྲུབ་འབྲས་འདི་འདྲ་བྱུང་བ་རེད་ཅེས་བསྟན་རྒྱུ་བྱུང་ན་ཁྱོད་ཚོའི་ཀླད་པ་སུས་ཀྱང་འགྲན་ཡ་མི་འདུག་བཤད་དགོས་ཐུག་ས་རེད་ལ། གྲུབ་འབྲས་མ་བྱུང་ན་ལྐུགས་རྟགས་ཚད་མེད་བསྟན་པས་གེ་སར་རྒྱལ་པོའི་སྒྲུང་ལས་རྒྱལ་གཞིས་ཤོར་ཁར་རྒྱལ་པོ་སྨྱོ་ཞེས་པའི་དཔེ་ལ་སོང་བའི་རྟགས་མཚན་ངན་པ་ཞིག་བསྟན་སོང་། ཡང་ན་མཐོ་ས་ཞིག་ལ་མཆོངས་པ་དང་། ཡང་ན་དམའ་ས་ཞིག་མཆོངས་པ་ལས་བར་མཚམས་ལ་འཇོག་རྒྱུ་ལྷག་མ་སོང་ཞེས་པ་དེ་ཡིན།