རྒྱ་ནག་ཏུ་གླ་ཆ་མ་རག་པ་སོགས་ཀྱི་ལས་མི་མང་པོས་སྲང་ལམ་དུ་ཐོན་ནས་བཟོ་ལས་སྡེ་ཁག་ལ་ངོ་རྒོལ་བྱེད་བཞིན་ཡོད་འདུག
ཨ་རིས་རྒྱ་ནག་གི་དངོས་ཟོག་ཐོག་སྒོ་ཁྲལ་ཤུགས་ཆེན་བཀལ་བར་བརྟེན། རྒྱ་ནག་ཏུ་བཟོ་གྲྭ་སྒོ་རྒྱག་པ་དང་ལས་མི་ཕྱིར་འཕུད་གཏོང་བ། ལས་མི་ལ་གླ་ཆ་དུས་ཐོག་ཏུ་མ་སྤྲད་པ་སོགས་ཀྱིས། ལས་མི་མང་པོ་སྲང་ལམ་དུ་ཐོན་ནས་ངོ་རྒོལ་བྱེད་བཞིན་པའི་གནས་ཚུལ་ཐོན་འདུག

ཟླ་འདིའི་ཚེས་༧ ཉིན། དཔལ་འབྱོར་གྱི་བང་ཆེན་(Financial Express) ཞེས་པའི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཨ་རིའི་སྲིད་འཛིན་ཊོམ་གྱིས་རྒྱ་ནག་གི་དངོས་ཟོག་ཐོག་སྒོ་ཁྲལ་བཀལ་བ་དེས་རྒྱ་ནག་གི་བཟོ་ལས་སྡེ་ཁག་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཤིང་། རྒྱ་ནག་གི་ནང་བཟོ་ལས་སྡེ་ཚན་ཁག་ཅིག་བློ་བུར་དུ་སྒོ་བརྒྱབ་པ་དང་། ལས་མི་ལ་གླ་ཕོག་དུས་ཐོག་ཏུ་མ་སྤྲད་པ་དང་ལས་མི་ཕྱིར་འཕུད་གཏོང་བ་སོགས་བྱས་པས། ལས་མི་མང་པོ་སྲང་ལམ་དུ་ཐོན་ནས་བཟོ་ལས་སྡེ་ཁག་ལ་ངོ་རྒོལ་བྱེད་བཞིན་ཡོད་པར་བརྗོད་འདུག་པ་དང་།
ཕྱི་ཟླ་༤ པའི་ནང་། ཨ་རིས་རྒྱ་ནག་གི་དངོས་ཟོག་ཐོག་སྒོ་ཁྲལ་བརྒྱ་ཆ་༡༤༥ བཀལ་བས་རྒྱ་ནག་གི་བཟོ་ལས་སྡེ་ཁག་དང་དངོས་ཟོག་ཕྱིར་ཚོང་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད་པ་དང་། གྷོལ་ཌི་མན་སག་སི་༼Goldman Sachs༽ ཞེས་པའི་དབྱེ་ཞིབ་ལྟར་ན། རྒྱ་ནག་ཏུ་སྡེ་ཁག་འདྲ་མིན་ནང་གི་ལས་མི་ས་ཡ་༡༦ ཡན་ཉེན་ཁའི་ནང་ཡོད་པར་བརྗོད་འདུག
དེ་བཞིན་བདུན་ཕྲག་སྔོན་མའི་ནང་། རྒྱ་ནག་གི་ཞི་ཨན་ཁུལ་༼Xi an Prefecture༽ གྱི་ཐུན་ཅེ་གྲོང་སྡེ་རུ་ས་གནས་ལས་གཞིའི་ལས་ཁུངས་སུ་ལས་མི་བཅུ་གྲངས་འཛོམས་ནས། ཕྱི་ལོ་༢༠༢༥ ཟླ་༢ པ་ནས་མ་ཐོབ་པའི་ཁོང་ཚོའི་གླ་ཆ་སྤྲོད་དགོས་པའི་དགོས་འདུན་བཏོན་ཡོད་པ་དང་། དེ་བཞིན་ཏུང་ལོའོ་༼Tongliao༽ ཞེས་པའི་གྲོང་ཁྱེར་གྱི་བྱང་ཤར་ས་གནས་སུ་འཛུགས་སྐྲུན་ལས་མི་ཚོས་དུས་ཐོག་ཏུ་གླ་ཕོགས་མ་སྤྲད་ཚེ། ཁང་ཐོག་ནས་མཆོང་རྒྱུའི་འཇིགས་སྐུལ་བྱས་པ་སོགས། དེ་འདྲ་བའི་ཞི་བདེ་མེད་པའི་གནས་ཚུལ་ཞིང་ཆེན་གཞན་དག་ལ་ཡང་བྱུང་ཡོད་པར་བརྗོད་འདུག
གནས་ཚུལ་དབྱེ་ཞིབ་པ་ཚོས་ཕྱི་ཟླ་༤ པའི་ནང་། རྒྱ་ནག་གི་བཟོ་ལས་ཁག་གི་ལས་ཀའི་ཚད་གཞི་དེ་འདས་པའི་ཟླ་བ་༡༦ ནང་ཚད་དམའ་ཤོས་དང་། ལྷག་པར་དུ་རྒྱལ་ཁབ་གཞན་དག་གིས་རྒྱ་ནག་ལ་ཚོང་ཟོག་མངགས་པའི་གྲངས་འབོར་ཉུང་དུ་ཕྱིན་ནས། ཏོག་དབྱིབས་གཉན་རིམས་འགོ་བཙུགས་པ་ནས་ད་ལྟའི་བར་གྲོངས་དམའ་ཤོས་སམ་ཉུང་ཤོས་སུ་གྱུར་ཡོད་འདུག
ཨ་རིས་རྒྱ་ནག་གི་དངོས་ཟོག་ཐོག་སྒོ་ཁྲལ་༡༤༥ བཀལ་བའི་ལན་དུ་རྒྱ་ནག་གིས་ཨ་རིའི་དངོས་ཟོག་ཐོག་སྒོ་ཁྲལ་བརྒྱ་ཆ་༡༢༥ བཀལ་རྗེས་ཕྱོགས་གཉིས་ཀྱི་བར་ཚོང་འབྲེལ་སོགས་ཀྱི་འབྲེལ་ལམ་སྡུག་ཏུ་ཕྱིན་ཞིང་། ད་ལྟའི་གནས་བབ་ལ་ལྟར་ན། འཛམ་གླིང་ཐོག་དཔལ་འབྱོར་ཡང་རྩེ་ལ་སོན་པའི་རྒྱལ་ཁབ་གཉིས་བར་གྱི་གདོང་ཐུག་དེ་སྒོ་ཁྲལ་གྱི་གནད་དོན་ཙམ་མ་ཡིན་པར། སྒྲིག་ཁྲིམས་དང་ཤུགས་རྐྱེན། ཡུན་རིང་གི་དབང་ཆ་མཐོ་ཤོས་ཀྱི་འགྲན་རྩོད་ཅིག་ཆགས་ཀྱི་ཡོད་པ་དང་། འགྲན་རྩོད་དེའི་གྲུབ་འབྲས་ཀྱིས་རྒྱལ་ཁབ་གཉིས་ཙམ་མིན་པར། འཛམ་གླིང་གི་དཔལ་འབྱོར་གྱི་སྒྲོམ་གཞི་ལ་ཡང་འགྱུར་བ་གཏོང་སྲིད་པར་བརྗོད་འདུག ཨ་རྒྱའི་བར་གྱི་འབྲེལ་ལམ་ཞན་དུ་འགྲོ་བཞིན་པའི་སྐབས་དེར། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་ཝེ་ཐེ་ནམ་དང་། ཀམ་བྷོ་ཊི་ཡ། མ་ལི་ཤེ་ཡ་བཅས་སུ་ཕྱིན་ནས། ཁྱིམ་མཚེས་རྒྱལ་ཁབ་ཚོ་དང་འབྲེལ་བ་ཟབ་ཏུ་གཏོང་རྒྱུ་ལ་ཤུགས་སྣོན་རྒྱག་བཞིན་ཡོད་པར་བརྗོད་འདུག།གསར་འགྱུར་ཁག་ཅིག་གིས་ཟླ་འདིའི་ཚེས་༡༠ ཉིན། ཨ་རྒྱ་གཉིས་ཀྱིས་ཚོང་དོན་གྲོས་མོལ་བྱེད་རྒྱུ་ཡིན་པའི་གནས་ཚུལ་བཀོད་འདུག
གསར་འགོད་པ། བློ་བཟང་རྒྱ་མཚོ།