རྒྱ་ནག་ཏུ་ཨ་ཧྥི་རི་ཀ་བ་ཚོར་མི་རིགས་དབྱེ་འབྱེད་ཀྱི་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་འདུག
རྒྱ་ནག་ཏུ་ཝུའུ་ཧན་ཏོག་དབྱིབས་ནད་ཡམས་ཅུང་ཞི་ནས་གྲོང་ཁྱེར་དང་། ཚོང་ཁང་། འགྲིམ་འགྲུལ་སོགས་ཀྱི་སྒོ་ཕྱེ་སྟེ་འཚོ་བ་སྔར་རྒྱུན་དུ་འགྱུར་བའི་འགོ་རྩོམ་བཞིན་པའི་སྐབས་འདིར། རྒྱ་ནག་ཏུ་འཚོ་སྡོད་བྱེད་མཁན་གྱི་ཕྱི་རྒྱལ་བ་དང་། ལྷག་པར་དུ་ཨ་ཧྥི་རི་ཀའི་མི་མང་ལ་མི་རིགས་དང་རྒྱལ་ཁབ་དབྱེ་འབྱེད་ཀྱི་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་འདུག
ཟླ་འདིའི་ཚེས་ ༩ ཉིན་ཝོན་གསར་འགྱུར་ཁང་(WION)ནས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་ཏུ་མི་རིགས་དང་རྒྱལ་ཁབ་དབྱེ་འབྱེད་ཀྱི་སྡང་སེམས་ཤུགས་ཆེ་རུ་འགྲོ་བཞིན་ཡོད་འདུག
དེ་ཡང་ཉེ་ཆར་སྤྱི་ཚོགས་དྲ་ལམ་ཁག་ཏུ་བརྒྱུད་སྤེལ་ཤུགས་ཆེན་བྱས་པའི་བརྙན་ཐུང་ཞིག་གི་ནང་། རྒྱ་ནག་ཏུ་ཡོད་པའི་ཨ་ཧྥི་རི་ཀའི་མི་མང་རྣམས་ལ་མི་རིགས་དབྱེ་འབྱེད་ཀྱི་མཐོང་ཆུང་བྱེད་ཀྱི་ཡོད་འདུག་སྟེ། ཁོ་ཚོ་མགྲོན་ཁང་ནས་དོན་དགོས་ཚུལ་བརྗོད་པ་མ་ཟད། ཐ་ན་སོ་སོའི་རྒྱུན་རིང་གི་གླ་ཁང་ནང་དུའང་འདུག་མི་ཆོག་ཅེས་བཤད་ཡོད་འདུག་པས། ཁོ་ཚོ་ནི་ཝུའུ་ཧན་ཏོག་དབྱིབས་ནད་ཡམས་ཀྱི་འཇིགས་སྣང་གི་གནོད་འཚེ་འཕོག་ཡུལ་ཞིག་ཆགས་ཡོད་འདུག
ཝུའུ་ཧན་ཏོག་དབྱིབས་ནད་ཡམས་ནི་ལོ་སྔོན་མའི་ལོ་མཇུག་ཏུ་རྒྱ་ནག་གི་གྲོང་ཁྱེར་ཝུའུ་ཧན་ནས་ཐོག་མར་བྱུང་བ་དང་། རྒྱ་ནག་གཞུང་ནས་ནད་ཡམས་དེ་སྔོན་འགོག་གི་ལས་འགུལ་སྤེལ་རྒྱུའི་ཚབ་ཏུ་དེ་འདྲའི་འཇིགས་སུ་རུང་བའི་ནད་ཡམས་ཤིག་ཡོད་པའི་ཉེན་བརྡ་གཏོང་མཁན་གྱི་སྨན་པ་དང་གསར་འགོད་པ་རྣམས་ལ་འཇིགས་སྐུལ་བྱས་པར་བརྟེན་ནས་འཛམ་གླིང་ཧྲིལ་བོར་ཁྱབ་པ་ཡིན་མོད། ད་ལྟ་རྒྱ་ནག་གཞུང་གིས་རྒྱ་ནག་ནད་ཡམས་དེ་ལས་རྣམ་པར་རྒྱལ་ཡོད་པ་དང་། ནད་ཡམས་འགོས་པའི་ནད་པ་གསར་པ་རྣམས་ཕྱི་རྒྱལ་ནས་ཡོང་བ་ཡིན་ཚུལ་སྒྲོག་བཞིན་ཡོད་སྟབས། རྒྱ་ནག་གི་མི་མང་ཚོས་ཕྱི་མི་རྣམས་ལ་དབྱེ་འབྱེད་དྲག་པོ་བྱེད་ཀྱིན་ཡོད་འདུག་ལ། ཕྱི་རྒྱལ་བ་རྣམས་ལ་ནད་འབུ་འཁྱེརམཁན་(Carriers of the virus)ཞེས་བོས་ཏེ་རྒོལ་རྡུང་གཏོང་གི་ཡོད་འདུག དེ་བཞིན་ལྟ་བ་མཁྲེགས་པའི་རྒྱ་མི་ཚོས་སྤྱིར་ཕྱི་མི་དང་། སྒོས་སུ་ཨ་ཧྥི་རི་ཀའི་མི་མང་ཕྱོགས་ལ་ཞེ་སྡང་སྐྱེད་པའི་ལས་འགུལ་སྤེལ་བཞིན་ཡོད་འདུག
རྒྱ་ནག་ཏུ་ཡོད་པའི་ཨ་ཧྥི་རི་ཀའི་མི་མང་རྣམས་ལ་ད་ལྟ་མི་རིགས་དབྱེ་འབྱེད་ཀྱི་དཀའ་ངལ་ཆེས་སྡུག་ཤོས་དེ་འཕྲད་བཞིན་ཡོད་འདུག་སྟེ། “ཨ་ཧྥི་རི་ཀ་ཆུང་བ་”ཞེས་གྲགས་པའི་རྒྱ་ནག་གི་གྲོང་ཁྱེར་གྷོན་ཏོའུ་(Guangzhou)ལ་ཨེ་ཤི་ཡའི་ཨ་ཧྥི་རི་ཀའི་སྤྱི་ཚོགས་ཆེ་ཤོས་ཡོད་ཅིང་། ཟླ་འདིའི་འགོ་སྟོད་ལ་གྲོང་ཁྱེར་དེར་འཚོ་སྡོད་བྱེད་མཁན་གྱི་ཨ་ཧྥི་རི་ཀའི་མི་མང་ཁྲོད་དུ་ནད་པ་གསར་པ་བྱུང་རྗེས། གསར་འགྱུར་རྫུན་མ་རྒྱ་ཁྱབ་ཏུ་འགྲོ་འགོ་བརྩམས་པ་དང་། དེ་འདྲའི་གསར་འགྱུར་གཅིག་ནང་གྲོང་ཁྱེར་དེར་ཡོད་པའི་ཨ་ཧྥི་རི་ཀའི་མི་འབུམ་གསུམ་ལ་ནད་འབུ་འགོས་ཡོད་ཚུལ་བཤད་ཡོད་འདུག རྗེས་སུ་རྒྱ་ནག་གཞུང་འབྲེལ་གསར་ཁང་གིས་གནས་ཚུལ་དེ་རྫུན་མ་ཡིན་སྐོར་བཤད་འདུག་ཀྱང་། དེས་ཨ་ཧྥི་རི་ཀའི་སྤྱི་ཚོགས་ལ་མི་རིགས་དབྱེ་འབྱེད་ཀྱི་རྒོལ་རྡུང་བྱེད་པའི་རླབས་རྒྱུན་འགོག་མ་ཐུབ་པ་དང་། ཨ་ཧྥི་རི་ཀའི་མི་མང་པོ་ཞིག་འཕྲལ་དུ་སོ་སོའི་གླ་ཁང་ནས་ཕུད་པ་སོགས་བྱུང་བའི་གནས་ཚུལ་ཡོད་འདུག
གཞན་ཡང་། པེ་ཅིང་གི་གཡར་ཁང་ཞིག་གི་སྒེའུ་ཁུང་ཐོག་ཏུ་ཤོག་བྱང་ཞིག་སྦྱར་བའི་ངོས་ལ། “ང་ཚོས་ཕྱི་རྒྱལ་གྱི་གྲོགས་པོ་ཚོར་དང་ལེན་བྱེད་ཀྱི་མེད་”ཅེས་བྲིས་ཡོད་འདུག་ཅིང་། དེ་ནི་རྒྱ་ནག་གཞུང་གི་གང་རྗོད་བཞིན་པའང་ཡིན་འདུག་སྟེ། རྒྱ་ནག་གིས་ཕྱི་རྒྱལ་བ་ནང་ལ་འཛུལ་བའི་བཀག་སྡོམ་བྱེད་ཀྱིན་ཡོད།
ཝུའུ་ཝན་ཏོག་དབྱིབས་ནད་ཡམས་ཐོག་མར་བྱུང་དུས། རྒྱ་ནག་གིས་འཛམ་གླིང་ལ་མི་རིགས་དབྱེ་འབྱེད་བྱེད་ཀྱི་འདུག་ཅེས་ཉེས་འཛུགས་བྱས་ཤིང་། ཕྱི་རྒྱལ་དུ་ཡོད་པའི་རྒྱ་ནག་གི་མི་སེར་རྣམས་ལ་འཕྲད་པའི་དཀའ་ངལ་རྣམས་བཏོན་ཡོད། ཡིན་ན་ཡང་། པེ་ཅིང་གིས་སོ་སོའི་ནང་ལོགས་སུ་ཅི་ཞིག་འབྱུང་བཞིན་པའི་ཐད་ལ་གླེང་སློང་དང་གང་ཡང་བྱེད་ཀྱི་ཡོད་མི་འདུག། རྒྱ་ནག་ཏུ་ཝུའུ་ཧན་ཏོག་དབྱིབས་ནད་ཡམས་ཞི་འཇགས་འགྲོ་བཞིན་ཡོད་སྲིད་ཀྱང་། དེའི་ཚབ་ཏུ་མི་རིགས་དང་རྒྱལ་ཁབ་དབྱེ་འབྱེད་ཀྱི་སྡང་སེམས་ཤུགས་ཆེ་རུ་འགྲོ་བཞིན་ཡོད་འདུག །
གསར་འགོད་པ་དཀོན་མཆོག་རབ་བརྟན།