རྒྱ་ནག་དང་ཐའེ་ཝན་གྱི་གྲོས་མོལ་ལ། ཐའེ་ཝན་མི་མང་གིས་ག་རེ་བསམ་གྱི་ཡོད་པ་རྟོགས་དགོས་པའི་དོན་ཚན་ལྔ།

 -ཝ་ཤིང་ཀྲོན་གསར་ཤོག་གི་རྩོམ་ཡིག
-སྐལ་བཟང་དོན་གྲུབ་ཀྱིས་བསྒྱུར།

རེས་གཟའ་སྤེན་པར་རྒྱ་ནག་གཉིས་ཏེ། རྒྱ་ནག་སྐམ་ས་ཆེན་པོ་དང་ཐའེ་ཝན་གཉིས་ལོ་རྒྱུས་རང་བཞིན་ལྡན་པའི་ཐུག་འཕྲད་བྱ་རྒྱུ་ཡིན་པ་རེད། རྒྱལ་ཁབ་གཉིས་ཀྱི་དབུ་ཁྲིད་མཐོ་ཤོས་ཏེ། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་དང་ཐའེ་ཝན་གྱི་སྲིད་འཛིན་མཱ་ཡེན་ཅུང་གཉིས་ཐུག་རྒྱུ་ཡིན་པ་རེད། ཕྱི་ལོ་༡༩༤༩ ལོར་མའོ་ཙེ་ཏུང་གི་དམར་ཤོག་ཚོགས་པས་རྒྱ་ནག་སྐམ་ས་ཆེན་པོ་དབང་བསྒྱུར་བྱས་པ་དང་ཆཱང་ཀའི་ཤེག་གི་གོ་མིན་ཏང་གཞུང་དེ་ཐའེ་ཝན་ལ་ཕྱིར་འཐེན་བྱས་ནས་བཟུང། ད་བར་ཕྱོགས་གཉིས་ཀྱི་འགོ་ཁྲིད་མཐོ་ཤོས་ཕན་ཚུན་ཐུག་འཕྲད་བྱུང་མྱོང་མེད།

ཐུག་འཕྲད་དེ་ཚོར་བ་རྣོན་པོ་དང་ལྟད་མོ་ཆེན་པོ་ཡོད་པའི་དུས་ཤིག་ལ་ཡིན་པ་རེད། བདུན་ཕྲག་སྔོན་མར་ཨ་རིའི་དམག་གི་གྲུ་གཟིངས་ཤིག་ལྷོ་རྒྱ་ནག་རྒྱ་མཚོར་བཏང་ནས། རྒྱ་ནག་གི་མཚོའི་བདག་དབང་རྒྱ་སྐྱེད་བྱེད་བཞིན་པར་ངོས་ལེན་མེད་པའི་བརྡ་གསལ་པོ་སྤྲད་ཡོད་པ་དང། རིང་མིན་ཟླ་གཉིས་ནང་ཐའེ་ཝན་གྱི་སྲིད་འཛིན་དང་གྲོས་ཚོགས་ཀྱི་འོས་བསྡུ་བྱ་རྒྱུ་ཡིན་པ་རེད།

ཐུག་འཕྲད་དེ་ནི་ཐའེ་ཝན་དང་འཛམ་གླིང་གི་མི་མང་ལ་གློ་བུར་ཐོག་རྒྱག་གི་གནས་ཚུལ་ཞིག་ཡིན་པ་རེད། མཱ་ཡེན་ཅུང་གི་སྲིད་གཞུང་གིས་ཐུག་འཕྲད་དེ་གསང་བའི་ཐོག་གྲ་སྒྲིག་བྱས་ནས་རེས་གཟའ་མིག་དམར་ཉིན་ལ་མ་གཏོགས་དེའི་སྐོར་ཕྱིར་བསྒྲགས་བྱས་མེད་པ་རེད།

ཨ་རིའི་གཞུང་གིས་ཐུག་འཕྲད་དེར་དགའ་བསུའི་རྣམ་པ་བསྟན་པ་ཡང། ཕྱོགས་དེ་གཉིས་ཀྱི་འབྲེལ་ལམ་བཟང་པོ་ཡོང་ཚེ་ཨ་རིར་ཁེ་ཕན་ཡོད་པས་རེད། ཡིན་ཡང་ཐའེ་ཝན་མི་མང་གིས་དེ་ལྟར་ཚོར་གྱི་ཡོད་དམ། ཁོ་ཚོས་གྲོས་མོལ་དེ་དག་ལ་བསམ་ཚུལ་གང་ཡོད་དམ། ཁོ་ཚོས་མ་འོངས་པར་རྒྱ་ནག་སྐམ་ས་ཆེན་པོ་དང་འབྲེལ་བ་བྱེད་ཕྱོགས་སྐོར་ལ་ལྟ་ཚུལ་གང་ཡོད་དམ།

ཐའེ་ཝན་རྒྱལ་ཡོངས་ཆིང་ཆེ་གཙུག་ལག་སློབ་གཉེར་ཁང་གིས་ཐའེ་ཝན་མི་མང་གིས་རྒྱལ་ཁབ་བདེ་འཇགས་སྐོར་ལ། བསམ་ཚུལ་གང་ཡོད་མེད་སྐོར་དཔྱད་ཞིབ་ལོ་བཅུ་ལས་མང་བ་བྱས་པ་བརྒྱུད་ཤེས་རྟོགས་ཐུབ་པའི་དོན་ཚན་ལྔ་འདུག

༡. ཐའེ་ཝན་མི་མང་རྒྱ་ནག་མཉམ་དུ་གྲོས་མོལ་བྱེད་འདོད་ཡོད་པ།

ཕྱི་ལོ་༢༠༡༤ ལོར་དཔྱད་ཞིབ་བྱས་པ་བརྒྱུད། རྒྱ་ནག་དང་ཐའེ་ཝན་གཉིས་གྲོས་མལ་བྱེད་དགོས་མིན་དྲི་བ་དྲིས་པར། ལན་འདེབས་བྱེད་མཁན་ཁྲོད་བརྒྱ་ཆ་༦༨.༥ ཡིས་གྲོས་མོལ་བྱེད་དགོས་པར་བཤད་པ་དང། བརྒྱ་ཆ་༢༢.༥ ཡིས་དེར་འགག་པ་བྱས་ཡོད་པ་རེད། དཔྱད་ཞིབ་དེ་ཕྱི་ཟླ་༡༡ པའི་ནང་ཐའེ་ཝན་གྱི་གཞུང་འཛིན་གོ་མིན་ཏང་ཆབ་སྲིད་ཚོགས་པར་ས་གནས་ཁག་གི་འོས་བསྡུའི་འགྲན་རྩོད་ཆེན་པོ་ཕམ་པའི་རྗེས་ལ་བྱས་པ་ཞིག་ཡིན་པ་རེད།

༢. ཆབ་སྲིད་ཚོགས་པ་སུ་ལ་རྒྱབ་སྐྱོར་བྱེད་མིན་ལ་མ་ལྟོས་པར་མི་མང་ཚང་མར་གྲོས་མོལ་ལ་རྒྱབ་སྐྱོར་ཡོད་པ།

ཐའེ་ཝན་གྱི་ཆབ་སྲིད་ནི་དོན་ཚན་གཉིས་ཀྱི་ཐོག་ལ་ཁ་གྱེས་ཡོད་དེ། གཅིག་ནི་རྒྱ་ནག་དང་བསྐྱར་དུ་ཆིག་སྒྲིལ་དང་གཞན་ནི་རང་བཙན་གྱི་རྒྱལ་ཁབ་རྩོད་རྒྱུ་གཉིས་ཡིན། གོ་མིན་ཏང་ཆབ་སྲིད་ཚོགས་པས་ཕྱི་ལོ་༡༩༤༩ དམར་ཤོག་གསར་བརྗེ་ཆེན་པོའི་སྐབས། སྲིད་ལུགས་མི་འདྲ་བའི་སྲིད་གཞུང་གཉིས་ཡོད་པའི་ལོ་རྒྱུས་ལ་ངོས་ལེན་ཐོག རྒྱ་ནག་སྐམ་ས་ཆེན་པོ་དང་ཐའེ་ཝན་གཉིས་རྒྱ་ནག་ཅེས་པའི་སྤྱི་གཞུང་གཅིག་གི་འོག་ལ་གནས་དགོས་པར་འདོད་པ་དང། ཕྱོགས་གཞན་ཞིག་ལ་ཕྱི་ལོ་༢༠༠༠ ནས་༢༠༠༨ བར་གཞུང་འཛིན་བྱེད་མཁན་མང་གཙོ་ཡར་ཐོན་ཚོགས་པས། ད་ལྟ་དོན་དངོས་ཀྱི་རང་བཙན་གཙང་མ་མིན་ཡང། རང་དབང་གཙང་མའི་ཐོག་རང་སྐྱོང་གི་གནས་བབ་དེ་ལ་བརྟེན་ནས། རང་བཙན་གཙང་མའི་རྒྱལ་ཁབ་རྩོད་དགོས་པར་ཤུགས་སྣོན་རྒྱག་གི་ཡོད་པ་རེད།

གང་ལྟར་ཕྱི་ལོ་༢༠༡༤ ལོའི་དཔྱད་ཞིབ་བརྒྱུད། གོ་མིན་ཏང་ཆབ་སྲིད་ཚོགས་པའི་རྒྱབ་སྐྱོར་བ་མི་མང་བརྒྱ་ཆ་༨༢.༩ དང་མང་གཙོ་ཡར་ཐོན་ཚོགས་པའི་རྒྱབ་སྐྱོར་བ་བརྒྱ་ཆ་༦༦.༣ གྱིས་རྒྱ་ནག་དང་གྲོས་མོལ་བྱེད་དགོས་པར་འདོད་ཀྱི་ཡོད་པས། ཐའེ་ཝན་མི་མང་ཚོས་ཆབ་སྲིད་ཚོགས་པ་སུ་ལ་རྒྱབ་སྐྱོར་བྱེད་མིན་ལ་མ་ལྟོས་པར། ཕྱོགས་གཉིས་ཀྱི་གྲོས་མོལ་ལ་རྒྱབ་སྐྱོར་ཡོད་པ་གསལ་པོ་སྟོན་ཐུབ།

༣. གྲོས་མོལ་ལ་རྒྱབ་སྐྱོར་བྱེད་པ་ནི་གཅིག་སྒྲིལ་ལ་རྒྱབ་སྐྱོར་བྱེད་པ་དང་མི་མཚུངས།

ལོ་༡༢ རིང་ཐའེ་ཝན་གྱི་མི་མང་ཕལ་ཆེ་བས་དོན་དངོས་སུ་རང་བཙན་གཙང་མ་མིན་ཡང། རང་དབང་གཙང་མའི་ཐོག་རང་སྐྱོང་གི་གནས་བབ་བསྡད་ཡོད་པ་དེར་རྒྱབ་སྐྱོར་ཡོད་པ་རེད། ཡིན་ཡང་ཕྱི་ལོ་༢༠༡༤ ལོའི་དཔྱད་ཞིབ་བརྒྱུད། ལན་འདེབས་མཁན་བརྒྱ་ཆ་༣༤.༥ ཡིས་ད་ལྟའི་གནས་བབ་དེར་སྡོད་འདོད་ཡོད་ཁར་མ་འོངས་ཀྱི་བྱེད་ཕྱོགས་རྗེས་སུ་ཐག་གཅོད་བྱེད་འདོད་པ་དང། བརྒྱ་ཆ་༢༩.༥ ཡིས་ད་ལྟའི་གནས་བབ་ཐོག་དུས་ངེས་མེད་དུ་གནས་འདོད་ཡོད་པ། ཡིན་ཡང་བརྒྱ་ཆ་༡༧.༣ ཡིས་ད་ལྟའི་གནས་བབ་དེ་རང་སོར་བསྡད་ནས་རྗེས་སུ་རང་བཙན་གཙང་མར་རྩོད་པར་འདོད་ཀྱི་ཡོད་པས། དེ་ནི་ཕྱི་ལོ་༢༠༠༣ ལོའི་དཔྱད་ཞིབ་དང་བསྡུར་ན་ལྟ་ཚུལ་དེ་འཛིན་མཁན་ལྡབ་གཉིས་འཕར་ཡོད་པ་རེད།

དེ་བཞིན་རྒྱ་ནག་དང་ཆིག་སྒྲིལ་བྱེད་དགོས་པར་འདོད་མཁན་བརྒྱ་ཆ་ཤིན་ཏུ་ཉུང་དུ་ཕྱིན་འདུག ཕྱི་ལོ་༢༠༠༣ ལོར་ད་ལྟའི་གནས་བབ་ལ་རང་སོར་བསྡད་ནས་རྗེས་སུ་རྒྱ་ནག་དང་གཅིག་སྒྲིལ་བྱེད་པར་འདོད་མཁན་དང་རྒྱ་ནག་དང་གཅིག་སྒྲིལ་འཕྲལ་དུ་བྱེད་པར་འདོད་མཁན་བརྒྱ་ཆ་༣༠ ཡོད་པ་ལས་ད་ལྟ་དེ་ལྟར་འདོད་མཁན་བརྒྱ་ཆ་༧.༣ ལས་མེད་པ་རེད།

༤.. ཐའེ་ཝན་གྱིས་ཐར་དཀའ་བའི་གནས་སྟངས་ལས་ཐར་ལམ་འཚོལ་བཞིན་པ།

ཐའེ་ཝན་མི་མང་གིས་འདམ་ག་གཞན་ལས་ད་ལྟའི་གནས་བབ་དེར་འདོད་པ་བྱེད་ཀྱི་ཡོད་པར་བརྗོད་སྲིད་ཀྱང། དེས་ཁོ་ཚོ་ད་ལྟའི་གནས་བབ་ལ་འདོད་པ་ཁེངས་ཀྱི་ཡོད་པ་བརྗོད་ཀྱི་མེད།

ཕྱི་ལོ་༢༠༠༤ ལོར་ཨ་རིའི་ཆབ་སྲིད་ཚན་རིག་པ་ནེའུ་ཡིས་བསམ་འཆར་བཏོན་པའི་དྲི་རྩད་རེའུ་མིག་ “གནས་སྟངས་ལ་ལྟོས་པའི་འདམ་ཀ”ཞེས་པ་ལས། ཐའེ་ཝན་མི་མང་གིས་མ་འོངས་པའི་འཆར་སྣང་གང་འདྲ་ཞིག་ཡོད་མེད་སྟོན་ཐུབ་པ་བྱུང་ཡོད། འདས་པའི་ལོ་༡༢ རིང་དཔྱད་ཞིབ་ཀྱི་ལན་འདེབས་མཁན་ཁྲོད་བརྒྱ་ཆ་༨༠ ཡིས་བསྟུད་མར་གལ་ཏེ་ཐའེ་ཝན་གྱི་རང་བཙན་གཙང་མ་རྩོད་པ་ལ་བརྟེན་ནས། རྒྱ་ནག་གིས་དམག་རྒོལ་མ་བྱས་ན་རང་བཙན་གཙང་མ་ལ་རྒྱབ་སྐྱོར་ཡོད་པ་བཤད་འདུག

བཤད་སྟངས་གཞན་ཞིག་ནས་བཤད་ན། རང་བཙན་གཙང་མ་ནི་ཐའེ་ཝན་མི་མང་བརྒྱ་ཆ་ཕལ་ཆེ་ཤོས་ཀྱི་དམིགས་ཡུལ་ཡིན་པ་དང། དམིགས་ཡུལ་དེ་རྒྱུད་འཛིན་བྱེད་པར་རྒྱ་ནག་གི་དམག་རྒོལ་བྱེད་པའི་འཇིགས་སྐུལ་གྱིས་བཀག་འགོག་བྱེད་ཀྱི་ཡོད།

ཕྱི་ལོ་༢༠༠༥ ལོར་རྒྱ་ནག་གི་ཁ་བྲལ་ལ་ངོ་རྒོལ་ཞེས་པའི་ཁྲིམས་གཏན་ལ་ཕབ་པས། ཐའེ་ཝན་གྱིས་ད་ལྟའི་གནས་བབ་ལ་མུ་མཐུད་འགྲོ་བཞིནཡོད་པ་རེད།

ཕྱི་ལོ་༢༠༡༣ ལོར་དཔྱད་ཞིབ་ཀྱི་ལན་འདེབས་པ་བརྒྱ་ཆ་༦༠ ཡིས་གལ་ཏེ་རྒྱ་ནག་དང་ཐའེ་ཝན་དབར་ཆབ་སྲིད་དང་དཔལ་འབྱོར། སྤྱི་ཚོགས་ཀྱི་ངོ་བོར་ཁྱད་པར་ཏོག་ཙམ་ཡོད་པའི་གནས་སྟངས་ཆགས་ཐུབ་ཚེ། རྒྱ་ནག་དང་གཅིག་སྒྲིལ་བྱེད་པར་འདོད་ཀྱི་ཡོད་ཀྱང། ཕྱི་ལོ་༢༠༡༤ ལོར་དེ་ལྟར་འདོད་མཁན་བརྒྱ་ཆ་༢༨ ལ་མར་ཟགས་ཡོད་པ་རེད། དེ་བཞིན་ཕྱི་ལོ་༢༠༠༣ ལོར་ཐའེ་ཝན་མི་མང་བརྒྱ་ཆ་༢༧ གྱིས་རྒྱ་ནག་གིས་དམག་རྒོལ་ལ་མ་ལྟོས་པར་རང་བཙན་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་དང། ཕྱི་ལོ་༢༠༡༤ ལོར་དེ་ལྟར་འདོད་མཁན་བརྒྱ་ཆ་༤༠ ལ་ཡར་འཕར་ཡོད་པ་རེད།

མདོར་བསྡུས་ན། རྒྱ་ནག་གི་དམག་རྒོལ་བྱེད་པའི་འཇིགས་སྐུལ་གྱི་ནུས་པ་དེ་གལ་གནད་ཆེན་པོ་ཡིན་ཡང་། ནུས་པ་དེ་ཡལ་འགྲོ་ཡི་ཡོད་པ་དང། དེ་བཞིན་ད་བར་རྒྱ་ནག་གི་དཔལ་འབྱོར་གྱི་གྲུབ་འབྲས་དང་ཆབ་སྲིད་བཅོས་བསྒྱུར་གྱིས། ཐའེ་ཝན་མི་མང་རྣམས་རྒྱ་ནག་དང་གཅིག་སྒྲིལ་བྱེད་པར་སེམས་འགུག་ཐུབ་མེད་པ་མ་ཟད། དེ་ལས་ལྡོག་ཏེ་ཐའེ་ཝན་མི་མང་གིས་གནས་སྟངས་ལ་ལྟོས་མེད་ཀྱིས་རང་བཙན་ལ་རྒྱབ་སྐྱོར་བྱེད་མཁན་མང་དུ་འགྲོ་བཞིན་ཡོད་པ་རེད། ད་བར་དོན་དངོས་ཀྱི་རང་བཙན་མེད་པའི་གནས་བབ་ལ་སྡོད་བཞིན་པ་དེ་རྒྱུ་མཚན་དང་མཐུན་པ་ཡིན་ཡང། འདོད་པ་མེད་པས་གདམ་ག་ཞིག་ཡིན་པ་རེད།

༥. ཐའེ་ཝན་མི་མང་གིས་རྒྱ་ནག་ལ་དཔལ་འབྱོར་གྱི་གཞི་རྟེན་བྱེད་པར་སེམས་འཚབ་བྱེད་པ།

ཕྱི་ལོ་༢༠༡༢ དང་༢༠༡༤ ལོའི་དཔྱད་ཞིབ་བརྒྱུད། མང་མོས་བརྒྱ་ཆ་༦༨.༡ དང་༦༢ གྱིས་རྒྱ་ནག་སྐམ་ས་ཆེན་པོས་ཐའེ་ཝན་གྱི་རྒྱ་ནག་ལ་དཔལ་འབྱོར་གྱི་གཞི་རྟེན་ཆེན་པོ་བྱེད་ཀྱི་ཡོད་པ་དེ། ཆབ་སྲིད་ཀྱི་ཁེ་ཕན་ལ་བེད་སྤྱོད་བྱེད་སྲིད་པར་མོས་མཐུན་བྱེད་ཀྱི་ཡོད་པ་རེད།

ཐའེ་ཝན་གྱི་མི་མང་ཕལ་ཆེ་བས་རྒྱ་ནག་དང་དཔལ་འབྱོར་གྱི་མཉམ་ལས་གཏིང་ཟབ་ཏུ་འགྲོ་བར་དཀའ་ངལ་ཡོང་སྲིད་པར་སེམས་འཚབ་བྱེད་ཀྱི་ཡོད་པ་དང། སེམས་འཚབ་དེ་ཕྱི་ལོ་༢༠༡༤ ལོའི་ཟླ་༣ པའི་ནང་ཉི་མའི་མེ་ཏོག་ལས་འགུལ་སྐབས་མངོན་དུ་གྱུར་པ་རེད། ཐའེ་ཝན་གྱི་སློབ་ཕྲུག་དང་ལས་འགུལ་བས། ཐའེ་ཝན་དང་རྒྱ་ནག་སྐམ་ས་ཆེན་པོ་གཉིས་བར་བཟོ་བཅོས་ཞབས་ཞུའི་ཚོང་འབྲེལ་གྱི་མཐུན་གྲོས་བཀག་འགོག་གི་དམིགས་ཡུལ་བཟུང་སྟེ། རྒྱལ་ཁབ་དེ་ཉིད་ཀྱི་གྲོས་ཚོགས་ལ་ཉིན་༢༣ རིང་བདག་བཟུང་བྱས་པ་རེད།

མཱ་ཡེན་ཅུང་གི་སྲིད་གཞུང་གིས་མཐུན་གྲོས་དེ་དཔལ་འབྱོར་ལས་ཆབ་སྲིད་དང་འབྲེལ་བ་མེད་པར་གསལ་བཤད་བྱས་ཀྱང། གློག་ཀླད་ཚན་རིག་དང་གློག་གི་སློབ་དཔོན་ཆེན་པོ་དང། ཁྱད་ལས་པ་༦༠༠ ལས་མང་བས་གལ་ཏེ་ཚོང་འབྲེལ་དེ་ཏར་འཕྲིན་བརྒྱུད་ལམ་སོགས་ཀྱི་སྡེ་ཚན་ལ་བྱས་ཚེ། རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཉེན་ཁ་ཡོད་པར་ཉེན་བརྡ་བཏང་ཡོད་དེ། རྒྱ་ནག་གིས་ཏྲོ་ཇོན་ཧོར་སི་གཉན་འབུ་སོགས་བཏང་ཏེ་དྲ་རྒྱ་བརྒྱུད་བྱ་ར་བྱེད་སྲིད་པར་ཉེན་བརྡ་བཏང་ཡོད་པ་རེད།

མཇུག་སྡོམ།

ང་ཚོས་དཔྱད་ཞིབ་དེ་དག་ལས་ཡོང་ཁྱབ་ཏུ་ཐའེ་ཝན་མི་མང་ཕལ་ཆེ་བས། ད་ལྟའི་གནས་བབ་དེ་རྒྱུད་འཛིན་བྱེད་ཐུབ་ཆེད་དང། དཔལ་འབྱོར་ཡར་རྒྱས་འགྲོ་བར་གང་ཞིག རང་དབང་གཙང་མའི་བདག་དབང་དེ་བློས་གཏོང་འདོད་མེད་པར། ཆབ་སྲིད་ཀྱི་ཚོགས་པ་སུ་གཞུང་འཛིན་ཚོགས་པ་ཡིན་མིན་ལ་མ་ལྟོས་པར། རྒྱ་ནག་དང་གྲོས་མོལ་བྱེད་པར་རྒྱབ་སྐྱོར་ཡོད་པ་རེད། དེ་བཞིན་རྒྱ་ནག་དང་གཅིག་སྒྲིལ་བྱེད་རྒྱུའི་འདོད་པ་མེད་པ་ནི་ཐེ་ཚོམ་དང་བྲལ་བ་ཡིན་པ་དང། རང་བཙན་གཙང་མ་ཐོབ་རྒྱུ་ནི་དམིགས་ཡུལ་དཀའ་མོ་ཞིག་ཡིན་པ་སོགས་གསལ་པོ་ཤེས་ཐུབ་ཀྱི་རེད།

ཤེས་རྟོགས་དེ་ལས་ཐའེ་ཝན་མི་མང་གིས་རང་ཉིད་ཀྱི་འགོ་ཁྲིད་དམ་རྒྱ་ནག་སྐམ་ས་ཆེན་པོའི་འགོ་ཁྲིད་སུ་ལའང་ཡིད་ཆེས་མེད་པ་སྟོན་ཐུབ་ཀྱི་ཡོད་པ་རེད། ཕྱི་ལོ་༢༠༡༥ ལོའི་ཟླ་༣ པ་དང་༦ པའི་ནང་ཐའེ་ཝན་གྱི་འོས་བསྡུ་དང་མང་གཙོ་སྒྱུར་ལས་ཀྱི་ཚོགས་པས་དཔྱད་ཞིབ་བྱས་པ་བརྒྱུད། བརྒྱ་ཆ་༧༤.༡ དང་༦༧.༥ ཡིས་ཐའེ་ཝན་གྱི་སྲིད་འཛིན་མཱ་ལ་ཡིད་ཆེས་མེད་པར་བཤད་ཡོད་པ་དང། ༢༠༡༥ ཟླ་༣ པའི་ནང་བརྒྱ་ཆ་༨༩.༥ ཡིས་རྒྱ་ནག་སྐམ་ས་ཆེན་པོའི་སྲིད་གཞུང་ལ་ཡིད་ཆེས་མེད་པར་བརྗོད་ཡོད་པ་རེད།

མི་མང་གི་འགོ་ཁྲིད་དེ་གཉིས་ལ་ཡིད་ཆེས་ཤིན་ཏུ་ཉུང་ཉུང་ཡོད་ཁར། ཁོང་གཉིས་ཀྱིས་ཐེངས་འདིའི་གྲོས་མོལ་ལས་གྲུབ་འབྲས་ཐོན་རྒྱུ་ཁག་པོ་ཡིན་པ་དང། གལ་ཏེ་གྲོས་མོལ་དེ་ལས་གློ་བུར་གྱི་འགྱུར་བའམ་ཐག་གཅོད་ཅིག་བྱུང་ཚེ། དེས་ཡིད་ཆེས་ཀྱི་གནས་བབ་དང་ཕྱོགས་གཉིས་ཀྱི་འབྲེལ་བ་སྡུག་ཏུ་འགྲོ་རྒྱུ་ཉག་ཅིག་རེད། །