རྒྱ་ནག་དང་དམག་འཐབ་ཆེད་དུ་གྲ་སྒྲིག་ངེས་པར་དུ་བྱེད་དགོས་སྐོར་ཐའེ་ཝན་ཕྱི་སྲིད་བློན་ཆེན་གྱིས་བརྗོད་འདུག
རྒྱ་ནག་གིས་ཐའེ་ཝན་གྱི་མཁའ་དབྱིངས་སུ་གནམ་དམག་ཡང་ནས་ཡང་དུ་བཏང་ནས་སྡིགས་བསྐུལ་བྱེད་བཞིན་པའི་སྐབས་དེར། ཐའེ་ཝན་ཕྱི་སྲིད་བློན་ཆེན་ཝུ་ཡིས་རྒྱ་ནག་དང་དམག་འཐབ་བྱེད་ཆེད་དུ་གྲ་སྒྲིག་ངེས་པར་དུ་བྱེད་དགོས་པ་དང་། ཧོང་ཀོང་གི་གནས་སྟངས་ལ་བལྟས་ན་ཐའེ་ཝན་གྱི་བདག་དབང་སྲུང་སྐྱོབ་བྱེད་རྒྱུ་གལ་ཆེན་ཆགས་ཡོད་པ་ཤེས་ཐུབ་སྐོར་བརྗོད་འདུག
ཟླ་༦ པའི་ཚེས་༢༥ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་སཱི་ཨན་ཨན་ཐོག་ཏུ་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར་བརྒྱུད་ལམ་དེས་ཐའེ་ཝན་ཕྱི་སྲིད་བློན་ཆེན་ཇཱོ་སེབ་ཝུ་(Joseph Wu) ལ་བཅར་འདྲི་བྱས་ཡོད་འདུག་པ་དང་། དེའི་ནང་ཁོང་གིས་ཐའེ་ཝན་དང་རྒྱ་ནག དེ་བཞིན་ཧོང་ཀོང་སོགས་ཀྱི་སྐོར་ལ་ལན་འདེབས་གལ་ཆེན་ཁག་ཅིག་བྱས་འདུག
དེ་ཡང་རྒྱ་ནག་གིས་ཐའེ་ཝན་གྱི་མཁའ་དབྱིངས་སྲུང་སྐྱོབ་ཁུལ་དུ་ཡང་ནས་ཡང་དུ་གནམ་དམག་མང་པོ་ཞིག་གཏོང་བཞིན་ཡོད་ཁར། ཉེ་ཆར་ནས་ད་བར་གནམ་དམག་མང་ཤོས་༢༨ བཏང་ཡོད་པས། ཐེངས་འདིའི་བཅར་འདྲི་ཐོག་ཏུ་ཐའེ་ཝན་གྱི་ཕྱི་སྲིད་བློན་ཆེན་ཁོང་གིས་བརྗོད་དོན་ལ། རྒྱ་ནག་གཞུང་གིས་ཐའེ་ཝན་ལ་དྲག་པོའི་བཙན་འཛུལ་བྱེད་རྒྱུའི་འདམ་ག་ཡོད་པ་ཡིན་པ་དང་དེ་ལྟར་བྱེད་སྲིད་པ་བརྗོད་བཞིན་པ། དེ་བཞིན་ཐའེ་ཝན་གྱི་ཉེ་འཁོར་དུ་དམག་སྦྱོང་བྱེད་ཀྱི་ཡོད་པས། སྡིགས་བསྐུལ་དེར་ཡིད་ཆེས་བྱེད་ནས་དམག་འཐབ་ཆེད་དུ་གྲ་སྒྲིག་ངེས་པར་དུ་བྱེད་དགོས་སྐོར་བརྗོད་འདུག
ཁོང་གིས་ཕྱི་ལོ་༢༠༡༨ ལོ་ནས་ཐའེ་ཝན་ཕྱི་སྲིད་བློན་ཆེན་གྱི་ལས་ཁུར་བྱེད་བཞིན་པ་དང་། དེ་སྔོན་ཁོང་གིས་གལ་ཏེ་རྒྱ་ནག་གིས་ཐའེ་ཝན་ལ་དྲག་རྒོལ་བྱས་ཚེ། ཐའེ་ཝན་གྱིས་མཐའ་མཇུག་བར་དུ་དམག་འཐབ་བྱེད་རྒྱུ་ཡིན་སྐོར་བརྗོད་རྗེས། རྒྱ་ནག་གཞུང་གིས་ཁོང་ནི་ཁ་བྲལ་རིང་ལུགས་པ་མཁྲེགས་འཛིན་ཅན་ཞིག་ཡིན་པ་དང་། མཚོ་འགག་གཉིས་བར་གྱི་ཞི་བདེ་རྒྱུན་གནས་བྱེད་པར་ཐའེ་ཝན་གྱི་རང་བཙན་གནད་དོན་དེ་དགོས་ངེས་ཀྱི་ཆ་རྐྱེན་ཡིན་ཡང་། ཇཱོ་སེབ་ཝུ་ཡིས་ཡང་ནས་ཡང་དུ་ཐའེ་ཝན་གྱི་རང་བཙན་བེད་སྤྱོད་བྱས་ནས་ང་རྒྱལ་ཆེན་པོས་འཁྲུག་པ་སློང་གི་ཡོད་པས། རྒྱ་ནག་གིས་རང་བཙན་རྩོད་མཁན་མཁྲེགས་འཛིན་པ་དེ་རིགས་ལ་ཁྲིམས་དང་བསྟུན་ནས། ཚེ་གང་ལ་ཉེས་པ་གཏོང་རྒྱུ་ཡིན་པའི་ཉེན་བརྡ་བཏང་ཡོད་འདུག ཐེངས་འདིར་བཅར་འདྲིའི་ཐོག་ཁོང་གིས་རྒྱ་ནག་དམར་ཤོག་ཚོགས་པའི་ཁོང་ལ་དམིགས་འབེན་གྱིས་སྡིགས་བསྐུལ་བྱས་པ་ནི་ཁོང་གིས་ཆེ་བསྟོད་གཅིག་ལ་ངོས་འཛིན་བྱེད་ཀྱི་ཡོད་པ། དབང་ཆ་གཅིག་སྡུད་རིང་ལུགས་པ་ཚོས་དྲང་བདེན་ལ་བཟོད་སྲན་བྱེད་ཐུབ་ཀྱི་མེད་པ་དང་། གལ་ཏེ་རྒྱ་ནག་གཞུང་གིས་མུ་མཐུད་ནས་མི་ཚེ་གང་བོར་ཁོང་ལ་རྗེས་འདེད་བྱེད་རྒྱུ་ཡིན་བརྗོད་ཚེ། ཁོང་ལ་སེམས་ཁྲལ་གང་ཡང་མེད་སྐོར་བརྗོད་འདུག
དེ་བཞིན་ཁོང་གིས་ཐའེ་ཝན་གྱིས་རྒྱ་ནག་འོག་ཏུ་གནས་རྒྱུ་ནི་ཁས་ལེན་བྱེད་ཐབས་མེད་པ་དང་། ལྷག་པར་དུ་ཧོང་ཀོང་ནང་གནས་སྟངས་ལ་གཞིགས་ནས། ཐའེ་ཝན་གྱི་བདག་དབང་སྲུང་སྐྱོབ་བྱེད་རྒྱུ་གལ་ཆེན་ཆགས་ཡོད་པ་ཤེས་ཐུབ་པ། ཧོང་ཀོང་ནང་ཏུ་བཙན་དབང་ཐོག་ནས་ལག་བསྟར་བྱེད་བཞིན་པའི་རྒྱལ་ཁབ་ཀྱི་བདེ་འཇགས་ཁྲིམས་དེ་ནི་གསར་འགོད་རང་དབང་མེད་པ་བཟོ་རྒྱུ་དང་། མང་གཙོར་རྒྱབ་སྐྱོར་བྱེད་མཁན་དང་གཞུང་ལ་ཁ་གཏད་བྱེད་མཁན་ཚོ་བཙོན་འཇུག་བྱེད་ཆེད་དུ་བེད་སྤྱོད་བྱེད་ཀྱི་ཡོད་པ། ཧོང་ཀོང་ནང་གི་གནས་སྟངས་དེ་དེང་རབས་ཀྱི་སྐྱོ་གར་ཞིག་ཡིན་སྐོར་བརྗོད་འདུག
ཁོང་གིས་ཐའེ་ཝན་ནི་མང་གཙོའི་རྒྱལ་ཁབ་གཅིག་ཡིན་པ་དང་། མི་མང་ཚོས་མང་གཙོའི་ལམ་ནས་བདམས་པའི་སྲིད་འཛིན་དང་གྲོས་ཚོགས། དམག་གི་སྒྲིག་འཛུགས དེ་བཞིན་ཐོངས་མཆན་དང་མི་སེར་ཕྱི་སྐྱོད་ལག་ཁྱེར་སྤྲོད་པའི་དབང་ཚད་སོགས་ཡོད་པའི་གནས་སྟངས་རྣམས་མུ་མཐུད་ནས་ཉར་ཚགས་བྱེད་འདོད་ཡོད་པ་དང་། རྒྱ་ནག་གིས་དབང་འོག་ཏུ་སྡོད་འདོད་བྱེད་ཀྱི་མེད་པས། ཐའེ་ཝན་གྱི་འགོ་ཁྲིད་སུ་གང་གིས་མི་མང་དང་ཁ་གཏད་ཀྱི་བསམ་བློ་འཛིན་མི་སྲིད་པ། ཐའེ་ཝན་མི་མང་དང་གཞུང་གཉིས་ཀྱིས་ཞི་བདེ་འདོད་ཀྱི་ཡོད་ཀྱང་། ལས་དོན་སྒྲུབ་པར་རྒྱ་ནག་གི་ངོས་ནས་ཀྱང་ཡ་ལན་དང་འབད་བརྩོན་དགོས་པ་ཡིན་སྐོར་བརྗོད་འདུག །
གསར་འགོད་སྐལ་བཟང་དོན་གྲུབ།