རྒྱ་ནག་དང་བྱང་ཀོ་རི་ཡ་གཉིས་ཀྱི་འབྲེལ་ལམ་ནི་སོ་དང་མཆུ་ཏོ་ལྟར་འབྲལ་ཐབས་མེད་ཅེས་བརྗོད།
ཉེ་ཆར་རྒྱ་ནག་དང་བྱང་ཀོ་རི་ཡ་གཉིས་ཀྱི་བར་གཞུང་གི་འབྲེལ་ལམ་བཙུགས་ནས་མི་ལོ་༧༤ འཁོར་བའི་ཉིན་མོ་དུས་དྲན་བྱས་ཡོད་འདུག་ལ། སྐབས་དེ་དུས་རྒྱལ་ཁབ་གཉིས་བར་གཞུང་འབྲེལ་གྱིས་ཕན་ཚུན་ཡི་གེ་བཏང་ཡོད་འདུག ཡི་གེའི་ནང་རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་ནི་སོ་དང་མཆུ་ཏོ་གཉིས་ལྟར་འབྲལ་ཐབས་མེད་པ་ཞིག་ཡིན་པར་བརྗོད་ཡོད་འདུག
ཕྱི་ཚེས་༧ ཉིན་(Taipelitimes)གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཉེ་ལམ་རྒྱ་ནག་དང་བྱང་ཀོ་རི་ཡ་གཉིས་བར་གཞུང་གི་འབྲེལ་ལམ་བཙུགས་ནས་ལོ་༧༥ འཁོར་གྱི་ཡོད་འདུག་པ་དང་། དེའི་ཆེད་དུ་རྒྱལ་ཁབ་གཉིས་ཕན་ཚུན་གཞུང་འབྲེལ་གྱིས་འཚམས་འདྲིའི་ཡི་གེ་བཏང་ཡོད་འདུག ཡི་གེའི་ནང་དུ་རྒྱ་ནག་དང་བྱང་ཀོ་རི་ཡ་རྒྱལ་ཁབ་གཉིས་ཧ་ཅང་གིས་མཛའ་མཐུན་ཡིན་པ་དང་། མ་འོངས་པར་སྔར་ལས་ལྷག་པའི་མཐུན་ལམ་བྱེད་རྒྱུ་ཡིན་ཚུལ་བརྗོད་ཡོད་འདུག
ད་ལྟའི་ཆར་ནུབ་ཕྱོགས་རྒྱལ་ཁབ་ཚོས་ཨུ་སུ་རུ་དང་བྱང་ཀོ་རི་ཡ་གཉིས་ལ་དཔལ་འབྱོར་གྱི་ཉེས་ཆད་ཆེན་པོ་གཅོད་ཀྱི་ཡོད་པའི་དུས་སྐབས་སུ། རྒྱ་ནག་ནི་ཨུ་རུ་སུ་དང་བྱང་ཀོ་རུ་ཡ་གཉིས་ལས་རྒྱང་རིང་དུ་འདུག་འདོད་ཡོད་ཀྱང་། བྱང་ཀོ་རི་ཡས་རྒྱ་ནག་ལ་མཐུན་པོ་བྱེད་ཀྱི་ཡོད་པའི་རྐྱེན་གྱིས་རྒྱ་ནག་ཁག་པོ་འགྱུར་བཞིན་ཡོད་པ་སྲིད་དོན་དཔྱད་བརྗོོད་པ་དག་གིས་བརྗོད། རྒྱུ་མཚན་དེ་དག་ལ་བརྟེན་ནས་འབྱུང་འགྱུར་ཟླ་བའི་ནང་རྒྱ་ནག་དང་བྱང་ཀོ་རི་ཡ་གཉིས་བར་ལས་གྲྭ་མང་པོ་ཞིག་མཉམ་ལས་བྱ་འཆར་ཡོད་འདུག་པས། དེ་དག་གི་བརྒྱུད་ནས་རྒྱ་ནག་དང་བྱང་ཀོ་རི་ཡའི་གཉིས་བར་གྱི་འབྲེལ་ལམ་ངོ་མ་དེ་གང་འདྲ་ཞིག་ཡིན་མིན་མངོན་ཐུབ་ཀྱི་ཡོད་པར་ཡང་བརྗོད་འདུག
བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇོན་ཨན་གྱིས་རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་ལ་ཡི་གེ་ཞིག་བཏང་ཡོད་འདུག་པ་དང་། ཡི་གེ་དེའི་ནང་མ་འོངས་པར་ཕྱོགས་གཉིས་བར་འབྲེལ་ལམ་ཟབ་དུ་ཡོང་རྒྱུ་གལ་ཆེན་ཡིན་པ་དང་། མཛའ་མཐུན་ཟབ་དུ་གཏོང་རྒྱུའི་འདོད་པ་ཡོད་པར་བརྗོད་འདུག རྒྱ་ནག་དང་བྱང་ཀོ་རི་ཡ་གཉིས་བར་གྱི་འབྲེལ་ལམ་དེ་ཕྱི་ལོ་༡༩༤༩ ཟླ་བ་༡༠ ཚེས་༦ ཉིན་དངོས་སུ་འགོ་འཛུགས་བྱས་ཡོད་འདུག་ལ། དུས་དེ་ནས་བཟུང་རྒྱ་ནག་དང་བྱང་ཀོ་རི་ཡ་གཉིས་བར་གྱི་འབྲེལ་ལམ་ནི་སོ་དང་མཆུ་ཏོ་བཞིན་འབྲལ་ཐབས་མེད་པ་མ་ཡིན་པར་འགྲེལ་བརྗོད་བྱེད་ཀྱི་ཡོད་འདུག
ད་ལྟའི་ཆར་རྒྱ་ནག་ནི་བྱང་ཀོ་རི་ཡའི་ཚོང་འབྲེལ་གྱི་མཐུན་གྲོགས་ཆེ་ཤོས་དེ་ཡིན་འདུག་ཀྱང་། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བྱང་ཀོ་རི་ཡས་ཨུ་རུ་སུ་ལ་གོ་མཚོན་གྱི་རོགས་རམ་བྱེད་ཀྱི་ཡོད་པར་བརྗོད་ནས་དཔལ་འབྱོར་ཐོག་ཉེས་ཆད་གཅོད་དུས་རྒྱ་ནག་ཅི་བྱ་གཏོལ་མེད་ལྟ་བུར་འགྱུར་གྱི་ཡོད་འདུག རྒྱུ་མཚན་ནི་རྒྱ་ནག་ཨུ་རུ་སུ་དང་བྱང་ཀོ་རི་ཡ་གཉིས་དང་ལྷན་དུ་དོན་དངོས་ཐོག་མཐུན་པོ་དེ་ཙམ་བྱེད་འདོད་མེད་པ་དང་། ནུབ་ཕྱོགས་རྒྱལ་ཁབ་ཚོ་དང་ལྷན་དུ་འབྲེལ་ལམ་བཟང་བ་འཛིན་འདོད་ཡོད་ཀྱང་། ད་ཆར་དཀའ་ངལ་ཞིག་འཕྲད་ཀྱི་ཡོད་པ་རྒྱ་ནག་སྐོར་གྱི་ཉམས་ཞིབ་པ་དག་གིས་རྗོད་ཀྱི་ཡོད་འདུག
དེ་བཞིན་བྱང་ཀོ་རི་ཡས་དུས་ནས་དུས་གོ་མཚོན་འདྲ་མིན་སྦྱོང་བརྡར་བྱས་ནས་ལྷོ་ཀོ་རི་ཡ་ལ་འཇིགས་སྐུལ་ཡང་ཡང་བྱེད་ཀྱི་ཡོད་འདུག་ལ། ཕྱོགས་གཞན་ཞིག་ནི་བྱང་ཀོ་རི་ཡས་ཨུ་རུ་སུ་དང་ལྷན་དུ་གྲོས་མཐུན་མང་པོ་ཞིག་བཞག་ནས་ཕན་ཚུན་གོ་མཚོན་གྱི་ཚོང་འབྲེལ་བྱེད་ཀྱི་ཡོད་འདུག ཉེ་ཆར་བྱང་ཀོ་རི་ཡས། བྱང་ཀོ་རི་ཡའི་རྩ་ཁྲིམས་ནང་ལྷོ་ཀོ་རི་ཡ་དང་ལྷན་དུ་ཞི་བའི་ཐོག་ནས་ཟླ་སྒྲིལ་བྱེད་རྒྱུ་ཡིན་ཚུལ་བྲིས་པ་དེ་མེད་པ་བཟོ་རྒྱུ་ཡིན་ཚུལ་བརྗོད་ཡོད་འདུག་པར་བརྟེན། མ་འོངས་པར་ཀོ་རི་ཡ་ལྷོ་བྱང་གཉིས་བར་དམག་འཁྲུག་ཡོང་རྒྱུའི་ཉེན་ཁ་ཆེན་པོ་ཡོད་འདུག རྒྱུ་མཚན་དེ་དག་ལ་བརྟེན་ནས་ནུབ་ཕྱོགས་རྒྱལ་ཁབ་ཚོས་ཨུ་རུ་སུ་དང་བྱང་ཀོ་རི་ཡ་གཉིས་ལ་སྐྱོན་བརྗོད་དང་། ཉེས་ཆད་མུ་མཐུད་ནས་གཅོད་ཀྱི་ཡོད་འདུག
ལྷོ་ཀོ་རི་ཡའི་གཙུག་ལག་མཐོ་སློབ་(Kyungnam)ཟེར་བ་དེའི་སློབ་དཔོན་(Lim Eul-chul)ཟེར་བ་ཞིག་གིས་ད་ཆར་བྱང་ཀོ་རི་ཡས་དྲག་པོའི་ཐོག་ནས་ལྷོ་ཀོ་རི་ཡ་ཟླ་སྒྲིལ་གཏོང་འདོད་ཡོད་ཅེས་བརྗོད་འདུག
གསར་འགོད་པ། བསོད་ནམས་ཕུན་ཚོགས།