རྒྱ་ནག་དབུས་དམག་དོན་ལྷན་ཁང་གི་འགོ་ཁྲིད་མེའོ་ཧྭ་འདྲི་རྩད་བྱེད་བཞིན་ཡོད་པར་བརྗོད་འདུག

ད་ཆར་རྒྱ་ནག་ནང་གི་འགོ་ཁྲིད་མང་པོ་ཞིག་ལྐོག་ཟ་རུལ་སུངས་དང་། སྒྲིག་ཁྲིམས་འགལ་ཡོད་ཚུལ་བརྗོད་ནས་བཀག་ཉར་བྱེད་པ་དང་། གར་སོང་ཆ་མེད་དུ་གྱུར་པ་སོགས་ཇེ་མང་དུ་ཡིན་པ་ལྟར། ཉེ་ཆར་རྒྱ་ནག་གཞུང་གི་དབུས་དམག་དོན་ལྷན་ཁང་གི་འགོ་ཁྲིད་མེའོ་ཧྭ་སྒྲིག་ཁྲིམས་འགལ་ཡོད་པར་བརྗོད་ནས་ལས་གནས་ནས་ཕྱིར་ཕུད་དང་ད་ལྟ་འདྲི་རྩད་བྱེད་བཞིན་ཡོད་པར་བརྗོད་འདུག

པར། ལྷོ་རྒྱ་ནག་ཞོག་པའི་ཆ་འཕྲིན།

ཕྱི་ཚེས་༢༨ ཉིན་ལྷོ་རྒྱ་ནག་ཞོགས་པའི་ཆ་འཕྲིན་གྱིས་གནས་ཚུལ་སྤེལ་གསལ་ལྟར་ན། རྒྱ་ནག་གི་དབུས་དམག་དོན་ལྷན་ཁང་གི་འགོ་ཁྲིད་མེའོ་ཧྭ་(Miao Hua)ལས་ཀ་ནས་ཕྱིར་ཕུད་བཏང་ནས་ད་ཆར་འདྲི་རྩད་བྱེད་བཞིན་ཡོད་ཚུལ་རྒྱ་ནག་གཞུང་གི་བདེ་སྲུང་ལྷན་ཁང་ནས་བརྗོད་ཡོད་འདུག འདྲི་རྩད་བྱེད་དགོས་དོན་ནི། ནམ་རྒྱུན་བཤད་སྟངས་ལྟར་མེའོ་ཧའ་ཡིས་སྒྲིག་འགལ་ཚབས་ཆེན་པོ་བྱས་ཡོད་པར་བརྗོད་འདུག་ལ། མེའོ་ཧྭ་ཟེར་བའི་འགོ་ཁྲིད་དེ་རྒྱ་ནག་(Central Military Commission)དབུས་གཞུང་གི་དམག་དོན་ལྷན་ཁང་གི་འགན་འཛིན་ཡིན་འདུག་ཅིང་། དབུས་དམག་དོན་ལྷན་ཁང་དེ་ཉིད་ཀྱིས་རྒྱ་ནག་གི་དམག་སྡེ་ཡོངས་རྫོགས་ཀྱི་ལས་དོན་དང་འབྲེལ་བའི་སྐོར་ལྟ་རྟོགས་བྱེད་མཁན་དེ་ཡིན་འདུག
རྒྱ་ནག་གི་བདེ་སྲུང་ལྷན་ཁང་གི་མགྲིན་ཚབ་པ་ཝུ་ཆན་(Wu Qian)གྱིས་གསར་འགོད་ལྷན་ཚོགས་ཐོག་ལ། མེའོ་ཧྭ་ཡིས་སྒྲིག་ཁྲིམས་འགལ་ནས་ནག་ཉེས་ཚབས་ཆེན་བསགས་པས། ད་ལྟ་ལས་གནས་ནས་ཕྱིར་ཕུད་བཏང་སྟེ་ཞིབ་བཤེར་བྱེད་བཞིན་ཡོད་པའི་གནས་ཚུལ་བརྗོད་འདུག གསལ་བསྒྲགས་དེ་རྒྱ་ནག་གི་ཟླ་རེའི་ཆབ་སྲིད་ལྷན་ཚོགས་ཀྱི་ཚོགས་འདུ་དེ་མ་འཚོགས་སྔོན་དུ་བྱུང་ཡོད་འདུག་པ་དང་། སྲིད་དོན་དཔྱད་བརྗོད་པ་དག་གིས་བརྗོད་དོན་ལ། རྒྱ་ནག་གི་དམག་སྡེའི་ཁྲོད་ལྐོག་ཟ་རུལ་སུངས་ཀྱི་བྱ་སྤྱོད་དེ་ཧ་ཅང་ཁྱབ་ཆེན་པོ་ཡིན་པ་དང་། ད་ཆར་རྒྱ་ནག་གཞུང་གིས་དམག་སྡེའི་ལས་ཁུངས་སུ་བསྒྱུར་བཅོས་གཏོང་ཐབས་བྱེད་བཞིན་ཡོད་པར་བཤད། དབུས་དམག་དོན་ལྷན་ཁང་གི་འགོ་ཁྲིད་མེའོ་ཧྭ་ཟེར་བ་དེ་རྒྱ་ནག་གི་དམག་སྡེའི་ལས་ཁུངས་ཀྱི་འགོ་ཁྲིད་མཐོ་ཤོས་གྲས་གཅིག་དང་། འགོ་ཁྲིད་མཐོ་གྲས་ཤིག་འདྲི་རྩད་བྱེད་བཞིན་པ་གསར་ཤོས་དེ་ཡིན་འདུག འདི་ལོ་དང་ལོ་སྔོན་མ་སོགས་ཀྱི་ནང་རྒྱ་ནག་གཞུང་གི་འགོ་ཁྲིད་མང་པོ་ཞིག་གར་སོང་ཆ་མེད་དང་། དུས་ཚོད་ངེས་མེད་ལ་འཛིན་བཟུང་བཀག་ཉར་བྱས་པའི་གནས་ཚུལ་ཐེངས་མང་པོ་ཐོན་ཡོད་ཅིང་། གོ་གནས་མཐོན་པོ་ནས་ཕྱིར་འབུད་གཏང་བའི་གནས་ཚུལ་ཡང་མང་པོ་ཐོན་དང་དོན་བཞིན་ཡོད་འདུག དེ་དག་གི་ཁྲོད་བདེ་སྲུང་བློན་ཆེན་དང་། དམག་དཔོན། འགོ་ཁྲིད་མཐོ་གྲས་སོགས་གཞུང་གི་གནད་ཡོད་མི་སྣ་མང་པོ་ཞིག་ད་ཆར་རྒྱ་ནག་གཞུང་གིས་འཛིན་བཟུང་བཀག་ཉར་བྱེད་བཞིན་ཡོད་འདུག རྒྱ་ནག་ནང་ནུབ་ཕྱོགས་དམངས་གཙོའི་རྒྱལ་ཁབ་ཚོ་དང་མི་འདྲ་བར་བདེ་སྲུང་བློན་ཆེན་ནི་བདེ་སྲུང་ལྷན་ཁང་ནང་དབང་ཆ་ཆེ་ཤོས་དེ་མིན་པར། དབང་ཆ་མང་ཆེ་བ་སྲིད་འཛིན་ཞི་ཅིན་ཕིང་གི་ལག་ཏུ་ཡོད་འདུག དེ་བཞིན་དམར་ཤོག་ཚོགས་པའི་སྒྲིག་ཁྲིམས་འོག་ཏང་ལ་བློ་དཀར་གཞུང་དྲང་ཡིན་དགོས་ཤིང་། ཏང་གི་ལྟ་བ་དང་ལངས་ཕྱོགས་དང་མི་མཐུན་པའི་གནད་དོན་རིགས་བྱུང་ཚེ་ནག་ཉེས་འདྲ་མིན་གཡོགས་ནས་འཛིན་བཟུང་བཀག་ཉར་བྱེད་ཀྱི་ཡོད་འདུག
ད་ལྟ་རང་ལོ་༦༩ ཡིན་པའི་མེའོ་ཧྭ་ནི་ཆུང་དུས་ལོ་༡༤ ནས་རྒྱ་ནག་གི་བཅིངས་གྲོལ་དམག་ནང་འཛུལ་ཡོད་འདུག་ཅིང་། རྒྱ་ནག་གི་ལྷོ་ཤར་ཕྱོགས་སུ་ཡོད་པའི་མཚོ་འགྲམ་གྱི་ཞིང་ཆེན་(Fujian)ཧོས་ཅན་ཟེར་བ་དེའི་ནང་འདས་པའི་དུས་ཡུན་རིང་པོ་ནས་དམར་ཤོག་ཚོགས་པའི་ལས་དོན་བྱས་ཡོད་འདུག ཁོ་རང་ཞིང་ཆེན་དེའི་ནང་འདུག་པའི་རིང་རྫོང་དང་གྲོང་ཁྱེར་འདྲ་མི་ནང་ལས་ཀ་བྱེད་རྒྱུ་བྱུང་ནས་ཕྱིས་སུ་གོ་གནས་མཐོ་སར་འཛེག་རྒྱུའི་གོ་སྐབས་དེ་ནས་བྱུང་ཡོད་འདུག ཕྱི་ལོ་༢༠༡༠ ནས་༢༠༡༤ བར་རྒྱ་ནག་གི་ནུབ་རྒྱུད་དམག་སྡེའི་ནང་ལས་ཀ་བྱེད་འགོ་བཙུགས་ཡོད་འདུག་ཅིང་། ནུབ་རྒྱུད་དམག་སྡེའི་ཁོངས་སུ་བོད་དང་ཡུ་གུར་གཉིས་ཀྱི་གནད་དོན་ཐད་ལྟ་རྟོགས་བྱེད་དགོས་ཀྱི་ཡོད་འདུག ཕྱིས་སུ་ཁོ་དམག་སྡེ་དེའི་ནང་དམར་ཤོག་ཚོགས་པའི་འགོ་ཁྲིད་ཆགས་ཡོད་འདུག ཕྱི་ལོ་༢༠༡༢ ལོར་ཞི་ཅིན་ཕིང་སྲིད་འཛིན་ཆགས་རྗེས་ཕྱི་ལོ་༢༠༡༤ ལོར་ཁོ་རང་རྒྱ་ནག་གི་མཚོ་དམག་གི་འགོ་ཁྲིད་བསྐོས་ཡོད་འདུག ཕྱི་ལོ་༢༠༡༧ ལོར་ཁོ་རྒྱ་ནག་གི་དམག་དོན་ལྷན་ཁང་གི་འགོ་ཁྲིད་བསྐོས་ཡོད་འདུག ད་ཆར་ཁོ་རང་ལས་གནས་ནས་ཕྱིར་ཕུད་ནས་ཞིབ་བཤེར་དང་འདྲི་རྩད་བྱེད་བཞིན་ཡོད་པ་རྒྱ་ནག་གཞུང་འབྲེལ་ནས་བརྗོད་འདུག

གསར་འགོད་པ། བསོད་ནམས་ཕུན་ཚོགས།