རྒྱ་ནག་དམར་ཤོག་ཚོགས་པ་ནི་འཛམ་གླིང་ཐོག་ལྐོག་ཟ་རུལ་སུངས་ཀྱི་ཚོགས་སྡེ་ཆེ་ཤོས་དེ་ཆགས་ཡོད་པར་བརྗོད།

རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གིས་ལྐོག་ཟ་རུལ་སུངས་ལ་རྡུང་རྡེག་གཏོང་བཞིན་པ་ལྟར། ན་ནིང་ལོ་དང་བསྡུར་ན་ལོ་འདིའི་ནང་རྒྱ་གཞུང་གི་གོ་གནས་མཐོ་བའི་དཔོན་རིགས་ལ་ཞིབ་བཤེར་བྱས་པའི་བརྒྱ་ཆ་༢༥% འཕར་ཡོད་འདུག

པར། South china morning post

ཟླ་འདིའི་ཚེས་༢༣ ཉིན་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གི་དབང་འོག་ཏུ་ལྐོག་ཟ་རུལ་སུངས་བྱེད་མཁན་ལ་རྡུང་རྡེག་གཏོང་བཞིན་ཡོད་པ་ལྟར། རྒྱ་གཞུང་གིས་ན་ནིང་ལོར་གོ་གནས་མཐོ་བའི་དཔོན་རིགས་༤༥ ལ་ལྐོག་ཟ་རུལ་སུངས་བྱས་པའི་ཞིབ་བཤེར་བྱས་ཡོད་འདུག་ལ། ལོ་འདིའི་ནང་ཆེས་མཐོའི་དཔོན་རིགས་༥༦ ལ་ལྐོག་ཟ་རུལ་སུངས་བྱས་པའི་ཞིབ་བཤེར་བྱས་ཡོད་པ་དང་། ལོ་སྔོན་མར་ཞིབ་བཤེར་བྱས་པའི་ཆེས་མཐོའི་དཔོན་རིགས་ཀྱི་གྲངས་འབོར་དང་བསྡུར་ན་ད་ལོ་བརྒྱ་ཆ་༢༥% འཕར་ཡོད་འདུག

ཞིབ་བཤེར་བྱ་ཡུལ་གྱི་དཔོན་རིགས་གྲགས་ཆེ་བའི་གྲས་སུ་ཁྲིམས་ལུགས་བློན་ཆེན་ཟུར་པ་ཐང་ཡེ་ཅོན་(Tang Yijun)དང་། ཞིང་ལས་བློན་ཆེན་ཟུར་པ་ཐང་རན་ཅན་(Tang Renjian)། རྒྱལ་ཡོངས་ལུས་རྩལ་ལྷན་ཁང་གི་འགོ་གཙོ་གོའུ་ཀྲུང་ཝེན་(Gou Zhongwen) བཅས་ཚུད་ཡོད་འདུག

ན་ནིང་ལོར་རྒྱ་གཞུང་གིས་དཔལ་འབྱོར་གྱི་སྡེ་ཁག་ལ་དམིགས་ནས་ལྐོག་ཟ་རུལ་སུངས་བྱེད་མཁན་མང་པོར་ཞིབ་བཤེར་བྱས་ཡོད་ན་ཡང་། ལོ་འདིའི་ནང་གནམ་གྲུའི་ལས་རིགས་དང་དམག་དོན་བཟོ་ལས་སོགས་ཀྱི་ཁྱབ་ཁོངས་སུ་ལྐོག་ཟ་རུལ་སུངས་བྱེད་མཁན་ལ་ཞིབ་བཤེར་མང་བ་བྱས་ཡོད་འདུག

ལོ་འདིའི་ཕྱི་ཟླ་༡ པའི་ནང་། རྒྱ་ནག་གི་སྐབས་ཉི་ཤུའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་པའི་སྐབས། ཞི་ཅིན་ཕིང་གིས་རུལ་སུངས་ལ་རྒོལ་རྡུང་གཏོང་རྒྱུ་ལ་ཕྱིར་ཤིག་གཏན་ནས་མི་རྒྱག་པ་དང་། ལྷོད་གཡེང་མི་གཏོང་བ། སྙིང་རྗེ་མེད་པའི་ཐོག་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ཁྲིམས་སྲོལ་ལམ་ལུགས་སྔར་ལས་འཐུས་སྒོ་ཚང་དུ་གཏོང་དགོས་པར་བརྗོད་ཡོད་འདུག

ཟླ་འདིའི་ཚེས་༢༤ ཉིན་རྒྱ་གར་གྱི་དུས་བབ་གསར་ཁང་གིས། འདས་པའི་ལོ་ངོ་བཅུ་ཕྲག་གཅིག་ལྷག་གི་རིང་། ཞི་ཅིན་ཕིང་གིས་རྒྱ་ནག་གི་དཔོན་རིགས་མང་པོར་ཞིབ་བཤེར་བྱས་ཡོད་ཀྱང་། རྒྱ་ནག་གི་བཅིངས་འགྲོལ་དམག་མིའི་ནང་གི་ལྐོག་ཟ་རུལ་སུངས་བྱེད་མཁན་འབྱུང་བཞིན་པ་ནི། ད་དུང་ཡང་ཞི་ཅིན་ཕིང་གི་དབང་སྒྱུར་ལ་དཀའ་ངལ་ཆེན་པོ་ཞིག་ཏུ་གྱུར་ཡོད་པ་དང་། ལྷག་པར་དུ་རྒྱལ་སྤྱིའི་ཆབ་སྲིད་ཀྱི་འགལ་ཟླ་ཇེ་ཆེར་འགྲོ་བཞིན་པའི་དུས་སྐབས་འདིར། ལྐོག་ཟ་རུས་སུངས་ཀྱི་དཀའ་ངལ་དེས་དམག་གི་ནུས་པར་གནོད་སྐྱོན་བཏང་ཡོད་པ་དང་། ཞི་ཅིན་ཕིང་ལ་མཚོན་ན་ལྐོག་ས་རུལ་སུངས་ཀྱི་དཀའ་ངལ་དེ་དཔལ་འབྱོར་གྱི་དཀའ་ངལ་ལས་ལྷག་པ་ཞིག་གྱུར་ཡོད་པར་བརྗོད་འདུག

གཞན་ཡང་། ཟླ་འདིའི་ཚེས་༢༤ ཉིན་(Republic) ཞེས་པའི་གསར་ཁང་གིས། ཞི་ཅིན་ཕིང་གིས་དེ་སྔོན་དམག་དཔུང་ཚོ་ལ་ཕྱི་ལོ་༢༠༢༧ བར་དམག་འཁྲུག་གི་གྲ་སྒྲིག་བྱེད་དགོས་པའི་བཀའ་བཏང་ཡོད་པ་དང་། རྒྱ་ནག་ནང་ལྐོག་ཟ་རུལ་སུངས་ལ་རྡུང་རྡེག་གཏོང་བཞིན་པ་དེས་དམག་འཁྲུག་གྲ་སྒྲིག་ལ་འགོག་རྐྱེན་བཟོས་ཡོད་སྲིད་པའི་གནས་ཚུལ་བཀོད་འདུག

ན་ནིང་ཕྱི་ཟླ་༣ པའི་ནང་རྒྱ་ནག་གི་སྒྲིག་ཁྲིམས་ཞིབ་བཤེར་ལྷན་ཁང་གིས་ཟླ་རེའི་ལྐོག་ཟ་རུལ་སུངས་དང་འབྲེལ་བའི་སྙན་ཐོ་ཞིག་བཏོན་པའི་ནང་། ལྐོག་ཟ་རུལ་ཟུངས་དང་འབྲེལ་བའི་གནས་དོན་ཁག་༧༧༧ ལ་ཞིབ་བཤེར་བྱེད་པའི་སྐབས། མི་གྲངས་༡༠༢༨༥ ལྐོག་ཟ་རུལ་སུངས་ཀྱི་གནས་ཚུལ་དང་འབྲེལ་བ་ཡོད་པ་ཤེས་རྟོགས་བྱུང་ཡོད་འདུག

སྔ་ལོའི་ཕྱི་ཟླ་༥ ་ཚེས་༡༠ ཉིན་(ANI) ཞེས་པའི་གསར་ཁང་ཐོག  རྒྱ་ནག་གི་ལྐོག་ཟ་རུལ་སུངས་དང་འབྲེལ་བའི་དམར་ཤོག་ཚོགས་པའི་སྐོར་གྱི་དཔྱད་གཏམ་དགུ་(Nine commentaries on the communist Party) ཞེས་པའི་ནང་། རྒྱ་ནག་དམར་ཤོག་ཚོགས་པ་ནི་འཛམ་གླིང་ཐོག་ལྐོག་ཟ་རུལ་སུངས་ཀྱི་ཚོགས་སྡེ་ཆེ་ཤོས་དེ་ཆགས་ཡོད་རབས་ཀྱིི་གནས་ཚུལ་བཀོད་འདུག།།

གསར་འགོད་པ། བློ་བཟང་རྒྱ་མཚོ།