རྒྱ་ནག་དམར་ཤོག་ཚོགས་པས་ཁྲིམས་སྒྲིག་གཉིས་གསར་སྣོན་བྱེད་རྒྱུ།
རྒྱ་ནག་དམར་ཤོག་ཚོགས་པའི་སྐབས་༡༨ པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་སྟེང་། དམར་ཤོག་ཚོགས་པའི་དཔོན་རིགས་རྣམས་ཀྱི་སྤྱོད་ལམ་དང་འབྲེལ་བའི་ཁྲིམས་སྒྲིག་གཉིས་གསར་སྣོན་བྱེད་འཆར་ཡོད་འདུག
དེ་ཡང་ཟླ་འདིའི་ཚེས་༢༥ ཉིན་གྱི་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཟླ་འདིའི་ཚེས་༢༤ ནས་༢༧ བར་གྱི་རྒྱ་ནག་དམར་ཤོག་ཚོགས་པའི་སྐབས་༡༨ པའི་ཚང་འཛོམས་གྲོས་ཚོགས་ཐེངས་༦ པ་དེ་གསང་བའི་ངང་ཚོགས་བཞིན་ཡོད་པ་དང་། དེ་གར་དམར་ཤོག་ཚོགས་པའི་དཔོན་རིགས་མཐོ་གྲས་༣༠༠ ལས་མང་བ་མཉམ་ཞུགས་བྱེད་ཀྱི་ཡོད་འདུག ཚོགས་འདུའི་སྟེང་ཚོགས་པའི་མཐོ་རིམ་དཔོན་པོའི་སྤྱོད་ལམ་དང་འབྲེལ་བའི་ཁྲིམས་སྒྲིག་གཉིས་གཏན་འབེབས་བྱེད་འཆར་ཡོད་འདུག་པ་དང་། དེ་ཡང་དམར་ཤོག་ཚོགས་པའི་མཐོ་རིམ་དཔོན་པོ་མང་པོ་ཞིག་ལ་ལྐོག་ཟ་རུལ་སུངས་ཀྱི་གནས་ཚུལ་ཐོན་ཡོད་པས། དེ་དག་ནི་དམར་ཤོག་ཚོགས་པའི་འགོ་ཁྲིད་ལ་གུས་བརྩི་མེད་རྐྱེན་ཡིན་སྐོར་གཞུང་འབྲེལ་བརྒྱུད་ལམ་ཁག་ཏུ་ཐོན་ཡོད་འདུག་པས། ཐེངས་འདིར་ཁྲིམས་སྒྲིག་གསར་པ་གཉིས་དེས་མཐོ་རིམ་དཔོན་རིགས་ཚོས་ཚོགས་པའི་འགོ་ཁྲིད་ལ་གུས་བརྩི་དང་། ཚོགས་པ་དེ་ཉིད་ཀྱི་ལས་དོན་གྲུབ་འབྲས་ཐོན་ཆེད་ཡིན་འདུག
ཆབ་སྲིད་དཔྱད་བརྗོད་པ་ཁག་ཅིག་གིས་ཁྲིམས་སྒྲིག་དང་པོ་དེ་ནི། དམར་ཤོག་ཚོགས་པའི་ཆབ་སྲིད་ཀུན་སྤྱོད་ཐོག་ལ་ལམ་སྟོན་གྱི་རྩ་འཛིན་གསར་པ་ཁག་ཅིག་གཏན་འབེབས་བྱེད་རྒྱུ་ཡིན་པ་དང་། དེ་ཡང་ལམ་སྟོན་དེ་དག་གིས་ཚོགས་པའི་ཁྲིམས་དང་སྒྲིག་གཞི་གསར་སྣོན་བྱས་ཏེ། ཚོགས་པའི་འགོ་ཁྲིད་ལ་གུས་བརྩི་ཤུགས་ཆེ་རུ་གཏོང་ཆེད་ཡིན་འདུག དེ་བཞིན་ཁྲིམས་སྒྲིག་གཉིས་པ་དེ་ནི་དམར་ཤོག་ཚོགས་པའི་ནང་ཁུལ་ལྟ་ཞིབ་བྱེད་ཕྱོགས་ཀྱི་ཁྲིམས་སྒྲིག་རྣམས། བསྐྱར་ཞིབ་བྱེད་ཉེན་ཡོད་འདུག་པ་དང་། དེ་ཡང་དམར་ཤོག་ཚོགས་པའི་འཛིན་སྐྱོང་དམ་པོ་ཡོང་ཆེད་ཡིན་འདུག
ཐེངས་འདིར་ལོ་རྗེས་མའི་རྒྱ་ནག་དམར་ཤོག་རྒྱལ་ཡོངས་ཚོགས་ཆེན་ཚོགས་རྒྱུ་ཡིན་པ་དང་། སྐབས་དེར་དཔོན་རིགས་མཐོ་གྲས་རྒན་པ་ཁག་ཅིག་རྒན་ཡོལ་དུ་བཏང་ཡོད་ཚེ། དེ་དག་གི་ལས་གནས་སུ་ཚོགས་མི་སུ་བསྐོ་བཞག་བྱེད་མིན་ཐོག་ལ་གྲོས་བསྡུར་ཡོང་སྲིད་པ་རེད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།