རྒྱ་ནག་ནང་ཁེ་ན་ཌའི་མི་སེར་བཞི་སྲོག་ཁྲིམས་བཅད་ཡོད་འདུག

དེ་སྔོན་ཁེ་ན་ཌའི་མི་སེར་བཞི་ཡིས་རྒྱ་ནག་ནང་མྱོས་རྫས་རིགས་ནག་ཚོང་བྱས་པའི་ཉེས་མིང་འོག་འཛིན་བཟུང་བཀག་ཉར་བྱས་ཡོད་འདུག་ཅིང་། འདི་ལོ་མི་དེ་དག་སྲོག་ཁྲིམས་བཅད་ཡོད་འདུག་པར་བརྟེན། ཁེ་ན་ཌའི་གཞུང་གིས་སྐྱོན་བརྗོད་ཤུགས་ཆེན་བྱས་ཡོད་འདུག
ཕྱི་ཚེས་༢༠ ཉིན་བྷི་བྷི་སི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཁེ་ན་ཌ་དང་རྒྱ་ནག་གཉིས་ཀའི་མི་སེར་ལག་འཁྱེར་ཡོད་མཁན་མི་བཞི་འདི་ལོ་རྒྱ་ནག་ནང་སྲོག་ཁྲིམས་བཅད་ཡོད་པ་ཁེ་ན་ཌའི་གཞུང་གིས་བརྗོད་འདུག་པ་དང་། ཁེ་ན་ཌའི་ཕྱི་སྲིད་ལྷན་ཁང་ནས་མི་དེ་དག་ལ་རྒྱ་ནག་དང་ཁེ་ན་ཌ་གཉིས་ཀའི་མི་སེར་ལག་འཁྱེར་ཡོད་པར་བརྗོད་འདུག ཁེ་ན་ཌའི་(Ottawa)་གྲོང་ཁྱེར་དུ་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གི་མགྲིན་ཚབ་པས། ཁེ་ན་ཌའི་གཞུང་གི་ངོས་ནས་དོན་མེད་སྐྱོན་བརྗོད་བྱེད་རྒྱུ་མཚམས་འཇོག་བྱས་ན་ལེགས་ཚུལ་དང་། རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་ལ་དོ་ཕོག་འགྲོ་ཉེན་ཡོད་པའི་ཉེན་བརྡ་བཏང་འདུག
རྒྱ་ནག་གི་ཕྱི་སྲིད་ལྷན་ཁང་ནས་དེ་རིང་བརྗོད་དོན། མི་སེར་དེ་དག་གིས་རྒྱ་ནག་ནང་ཁྲིམས་འགལ་གྱི་བྱ་སྤྱོད་སྤེལ་ཡོད་པ་དཔང་རྟགས་ཚད་ལྡན་རག་ཡོད་པར་བརྟེན། ཁྲིམས་ལུགས་གཞིར་བཟུང་ལག་ལེན་བསྟར་ཡོད་པ་དང་། དེ་བཞིན་ཁེ་ན་ཌའི་ངོས་ནས་རྒྱ་ནག་གི་ཁྲིམས་ཁང་གི་ཐག་གཅོད་ལ་གུས་བརྩི་དགོས་པར་བརྗོད། རྒྱ་ནག་གི་ངོས་ནས་མྱོས་རྫས་རིགས་ཀྱི་ནག་ཚོང་རྒྱག་མཁན་ལ་བཟོད་བསྲན་ནམ་ཡང་མེད་ཅིང་། མི་གཅིག་ལ་རྒྱལ་ཁབ་གཉིས་ཀྱི་མི་སེར་ལག་འཁྱེར་ངོས་ལེན་བྱེད་ཀྱི་མེད་ཅེས་བརྗོད་ནས་ཁེ་ན་ཌའི་གཞུང་གི་སྐྱོན་བརྗོད་ལ་ཁ་གཏད་བཅག་འདུག་ལ། སྤྱིར་བཏང་རྒྱ་ནག་གིས་ཕྱི་རྒྱལ་མི་རིགས་ཚོའི་ཐོག་ཏུ་སྲོག་ཁྲིམས་གཅོད་པ་དཀོན་པོ་རེད་ཅེས་བརྗོད་འདུག མི་དེ་དག་སྲོག་ཁྲིམས་མ་བཅད་པའི་སྔོན་དུ་ཁེ་ན་ཌའི་གཞུང་གིས་གློད་བཀྲོལ་གཏོང་དགོས་པའི་འབོད་སྐུལ་ཐེངས་མང་ཞུས་ཡོད་འདུག་ཀྱང་། རྒྱ་ནག་གིས་ལྐོག་ཏུ་སྲོག་ཁྲིམས་བཅད་ཡོད་འདུག རྒྱ་ནག་ནང་མྱོས་རྫས་རིགས་ཀྱི་ནག་ཚོང་རྒྱག་མཁན་དང་། ལྐོག་ཟ་རུལ་སུངས། དེ་བཞིན་སོ་མྱུལ་རིགས་བྱས་ཚེ་སྲོག་ཁྲིམས་ཀྱི་ཉེས་ཆད་གཅོད་ཀྱི་ཡོད་པར་བརྗོད་འདུག
སྲོག་ཁྲིམས་ཚང་མ་གསང་བའི་ཐོག་ནས་གཅོད་ཀྱི་ཡོད་འདུག་པར་བརྟེན། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཚོས་བརྗོད་དོན། རྒྱ་ནག་ནི་འཛམ་གླིང་ནང་སྲོག་ཁྲིམས་མང་ཤོས་གཅོད་མཁན་གྱི་རྒྱལ་ཁབ་དེ་ཡིན་པར་རྗོད་ཀྱི་ཡོད་འདུག ཕྱི་ལོ་༢༠༡༩ ལོ་ཁེ་ན་ཌའི་མི་སེར་(Robert Lloyd)ཟེར་བ་ཞིག་ནག་ཚོང་དང་འབྲེལ་བའི་ནག་ཉེས་ཕོག་སྟེ་རྒྱ་ནག་ནང་སྲོག་ཁྲིམས་བཅད་ཡོད་འདུག སྤྱིར་རྒྱ་ནག་དང་ཁེ་ན་ཌ་གཉིས་བར་ཕྱི་ལོ་༢༠༡༨ ནས་འབྲེལ་ལམ་སྡུག་ཏུ་ཕྱིན་ནས་མི་མང་ཚོ་རྒྱལ་ཁབ་གཉིས་བར་ཕར་འགྲོ་ཚུར་འོང་བྱེད་དུས་གཟབ་དགོས་པ་ཁེ་ན་ཌའི་གཞུང་གིས་བརྗོད་འདུག
གསར་འགོད་པ། བསོད་ནམས་ཕུན་ཚོགས།