རྒྱ་ནག་ནང་གཞོན་སྐྱེས་ཚོར་ལས་ཀ་མ་རག་ནས་ཕ་མའི་རྒས་ཕོགས་ལ་བརྟེན་ནས་འཚོ་བ་རོལ་དགོས་པའི་གནས་སྟངས་འབྱུང་བཞིན་པ།

པར། The Straits Times

ཟླ་འདིའི་ཚེས་༢༠ ་ཉིན་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། རྒྱ་ནག་ནང་གཞོན་སྐྱེས་ལས་མེད་ཀྱི་གནས་སྟངས་སྡུག་ཏུ་འགྲོ་བཞིན་ཡོད་པར་བརྟེན། གཞོན་སྐྱེས་མང་པོས་གླ་ཆ་དམའ་བའི་ལས་ཀ་བྱེད་དགོས་བྱུང་བ་དང་འགའ་ཤས་ཀྱིས་ཕ་མའི་རྒས་ཕོགས་ལ་བརྟེན་ནས་འཚོ་བ་རོལ་དགོས་བྱུང་ཡོད་པའི་གནས་ཚུལ་ཐོན་འདུག

རྒྱ་ནག་གི་ནང་ལས་མེད་ཀྱི་གནས་སྟངས་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་པར་བརྟེན། སློབ་ཆེན་ཐོན་པའི་གཞོན་སྐྱེས་ས་ཡ་མང་པོར་དཀའ་ངལ་ཆེན་པོ་འཕྲད་ཅིང་། གཞོན་སྐྱེས་འགའ་ཤས་ཀྱིས་གླ་ཆ་དམའ་བའི་ལས་ཀ་བྱེད་དགོས་བྱུང་བ་དང་། ཡང་འགའ་ཤས་ཀྱིས་ཕ་མའི་རྒས་ཕོགས་ལ་བརྟེན་ནས་འཚོ་བ་རོལ་དགོས་པའི་གནས་སུ་གྱར་ཡོད་འདུག གནས་སྟངས་དེར་མཇུག་མ་རུལ་ཟིན་པའི་བྱིས་པ་(rotten-tail kids) ་ཞེས་མིང་བཏགས་པ་དང་། ཐ་སྙད་དེའི་གོ་དོན་ནི་སློབ་ཆེན་ཐོན་པའི་གཞོན་སྐྱེས་ཚོ་ལས་ཀའི་ཁྲོམ་རའི་ནང་དུ་དཀའ་ངལ་འཕྲད་པ་དང་ཁོང་ཚོའི་ཤེས་ཡོན་དང་འཚམས་པའི་ལས་ཀ་རག་དཀའ་བའི་གནས་སྟངས་ལ་གོ་ཞིང་། ཐ་སྙད་དེ་ནི་ལོ་འདིའི་སྤྱི་ཚོགས་བརྒྱུད་ལམ་ཐོག་རྒྱུན་སྤྱོད་ཀྱི་ཚིག་གཅིག་ཏུ་གྱུར་ཡོད་འདུག

དེ་བཞིན་སྤྱི་ལོ་༢༠༢༡ ལོ་ནས་བཟུང་རྒྱ་ནག་གི་དཔལ་འབྱོར་ལ་དཀའ་ངལ་བཟོ་བཞིན་པའི་ལས་ཀ་གྲུབ་མེད་པའམ་ཚར་མེད་པའི་ཁང་པ་ས་ཡ་བཅུ་ཕྲག་མང་པོར་མཇུག་མ་རུལ་པའི་ཁང་པ་(rotten-tail buildings) ་ཞེས་པའི་མིང་བཏགས་པ་དང་མཚུངས་བསྡུར་བྱས་པ་ཞིག་ཡིན་འདུག
ཕྱི་ལོ་༢༠༢༣ ལོའི་ཟླ་༤ པའི་ནང་རྒྱ་ནག་གི་ལོ་ན་༡༦ ནས་༢༤ བར་གྱི་གཞོན་སྐྱེས་ལས་མེད་བརྒྱ་ཆ་༢༠% དང་། ཡང་ན་ས་ཡ་༡༠༠ བརྒལ་ཡོད་པ་དང་། ཕྱི་ཟླ་༦ པར་གཞོན་སྐྱེས་ལས་མེད་བརྒྱ་ཆ་༢༡.༣% ཟིན་ནས་མཐོ་ཤོས་སུ་སླེབ་སྐབས། གཞུང་འབྲེལ་མི་སྣས་བློ་བུར་དུ་གྲངས་ཐོ་བསྡུ་ལེན་བྱེད་རྒྱུ་མཚམས་འཇོག་བྱས་ཡོད་འདུག ལོ་གཅིག་གི་རྗེས་སུའང་ན་གཞོན་ལས་མེད་ཀྱི་གནས་སྟངས་དེ་ད་དུང་མགོ་ན་བའི་གནད་དོན་ཞིག་ཏུ་གྱུར་ཡོད་པ་དང་། རྒྱ་གཞུང་གིས་ལོ་འདིའི་ཕྱི་ཟླ་༧ པའི་ནང་ལས་མེད་ཀྱི་གྲངས་འབོར་དེ་བརྒྱ་ཆ་༡༧.༡% ཡིན་རབས་བརྗོད་ཀྱང་། ད་ལོ་དབྱར་ཁར་སློབ་ཆེན་སློབ་མ་ས་ཡ་༡༡.༧༩ ཐོན་གྱི་ཡོད་འདུག ལས་མེད་ཀྱི་དཀའ་ངལ་འདི་ནི་རྒྱ་ནག་གི་ཁང་པའི་དཀའ་རྙོག་གིས་དཔལ་འབྱོར་ལ་ད་དུང་གནོན་ཤུགས་ཆེན་པོ་ཐེབས་བཞིན་པ་དང་དུས་མཉམ་དུ་འབྱུང་བཞིན་ཡོད་འདུག

སྲིད་འཛིན་ཞི་ཅིན་ཕིང་གིས་ན་གཞོན་ཚོར་ལས་ཀ་འཚོལ་རྒྱུ་དེ་གཙོ་གནད་ཆེ་ཤོས་ཤིག་ཡིན་པ་ཡང་ཡང་ནན་བཤད་དང་། གཞུང་གིས་ན་གཞོན་ཚོར་ལས་ཀ་སྤྲོད་མཁན་དང་འབྲེལ་བ་བྱེད་པའི་ལམ་ཁ་མང་དུ་གཏོང་དགོས་པའི་འབོད་སྐུལ་བྱས་ཡོད་འདུག མི་ཤེ་གྷན་(Michigan) ་གཙུག་ལག་སློབ་ཆེན་གྱི་སྤྱི་ཚོགས་རིག་པའི་ལས་རོགས་དགེ་རྒན་ཡུན་ཀྲོའུ་(Yun Zhou) ཡིས། སྔོན་མ་སློབ་ཐོན་ལག་ཁྱེར་གྱིས་ལས་ཀའི་གོ་སྐབས་ཡག་པ་དང་མ་འོངས་པའི་མདུན་ལམ་བཟང་བ་སོགས་ཁས་ལེན་བྱས་ཀྱང་ད་ཆ་དེ་དག་ཐོབ་དཀའ་མོ་ཆགས་བཞིན་འདུག་ཅེས་བརྗོད་འདུག

སློབ་ཐོན་ཟིན་པའི་གཞོན་སྐྱེས་མང་པོ་རང་གི་ཕ་ཡུལ་དུ་ལོག་ནས་ཕ་མའི་རྒས་ཕོགས་དང་གསོག་དངུལ་ལ་བརྟེན་ནས་འཚོ་བ་རོལ་བཞིན་ཡོད་པ་དང་། མང་པོ་ཞིག་གི་འཚོ་བ་སྐྱེལ་ཐུབ་ཙམ་གྱི་ལས་ཀ་གང་རུང་ཞིག་འཚོལ་དགོས་པ། ཉུང་ཤས་ཤིག་ནག་ཉེས་ཀྱི་ལས་ཀའི་ནང་ཞུགས་བཞིན་པ་སོགས་ཁོང་ཚོ་ལ་གདམ་ག་ཧ་ཅང་ཉུང་བས་ཐ་ན་ཉེ་བའི་གཙུག་ལག་རབ་འབྱམས་པའི་ཤེས་ཚད་ཡོད་མཁན་ཚོར་དཀའ་ངལ་འཕྲད་བཞིན་ཡོད་འདུག

ཏོག་དབྱིབས་ནད་ཡམས་ཀྱིས་དཔལ་འབྱོར་ཉམས་རྒུད་དང་། སྲིད་གཞུང་གིས་ཤེས་ཡོན་གྱི་ལྟེ་གནས་དང་དཔལ་འབྱོར་སོགས་ལ་དམ་དྲག་བྱས་པ་སོགས་ཀྱིས་ལས་ཀའི་ཁྲོམ་ར་ལ་དཀའ་ངལ་འཕྲད་བཞིན་པའི་སྐབས་སུ། གཞོན་སྐྱེས་སློབ་ཐོན་པ་དང་ལས་ཀ་འཚོལ་མཁན་མང་དུ་འགྲོ་བཞིན་པའི་དཀའ་ངལ་འཕྲད་བཞིན་ཡོད་འདུག།

གསར་འགོད་པ། བློ་བཟང་རྒྱ་མཚོ།