རྒྱ་ནག་ནང་གསར་དུ་གཉེན་སྒྲིག་བྱེད་པའི་གྲངས་ཀ་ཐོ་འགོད་བྱས་པ་ནས་བཟུང་དམའ་ཤོས་སུ་འགྲོ་བཞིན་ཡོད།
ཧོང་ཀོང་གཞུང་འབྲེལ་གནས་ཚུལ་ལྟར་ན། རྒྱ་ནག་ནང་དུ་གཉེན་སྒྲིག་དང་བྱིས་པ་སྐྱེ་བའི་གྲངས་ཀ་ཉུང་དུ་འགྲོ་བཞིན་པ་དེས་པེ་ཅིང་ལ་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་པ་དང་། ལྷག་པར་དུ་པེ་ཅིང་དུ་ལས་ཀ་བྱེད་མཁན་གྱི་མི་འབོར་ཉུང་དུ་འགྲོ་བ་དང་རྒས་འཁོགས་མང་དུ་འགྲོ་བ་དེས་རྒྱལ་ཁབ་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་ཤུགས་རྐྱེན་ཐེབས་པར་སེམས་འཚབ་བྱེད་བཞིན་ཡོད་འདུག
དེ་ཡང་རྒྱ་ནག་ནང་གི་གསར་དུ་གཉེན་སྒྲིག་བྱས་པའི་གྲངས་ཀ་ནི་ཐོ་འགོད་བྱས་པ་ནས་བཟུང་ད་ལོར་ཚད་དམའ་ཤོས་སུ་གྱུར་ཡོད་པ་དང་། གཞུང་གིས་གཉེན་སྒྲིག་དང་བྱིས་པ་སྐྱེ་བར་སྐུལ་མ་གཏོང་བའི་ལས་འགུལ་རྒྱ་ཆེན་པོ་སྤེལ་བཞིན་ཡོད་ནའང་མི་འབོར་གྱི་དཀའ་ངལ་ཇེ་ཆེར་འགྲོ་བཞིན་འདུག
རྒྱ་ནག་ནང་དུ་མི་འབོར་གྱི་གྲངས་ཚད་ནི་ལོ་གཉིས་བསྟུད་མར་ནང་ཉུང་དུ་འགྲོ་བཞིན་པ་མ་ཟད། ན་ནིང་ཕྲུ་གུ་བཙའ་བའི་ཚད་གཞི་ནི་༡༩༤༩ ལོར་མི་དམངས་སྤྱི་མཐུན་རྒྱལ་ཁབ་བཙུགས་པ་ནས་བཟུང་ད་བར་ཉུང་ཤོས་དེ་ཆགས་ཡོད་ཀྱི་འདུག ༢༠༢༢ ལོར་རྒྱ་གར་གྱི་མི་འབོར་རྒྱ་ནག་བརྒལ་ནས་འཛམ་གླིང་ནང་དུ་མི་འབོར་ཆེ་ཤོས་ཀྱི་རྒྱལ་ཁབ་ཏུ་གྱུར་པ་རེད། རྒྱ་ནག་གི་དཔོན་རིགས་ཚོས་གཉེན་སྒྲིག་ཉུང་དུ་འགྲོ་བ་དང་བྱིས་པ་བཙའ་བའི་གྲངས་ཀ་ཉུང་དུ་འགྲོ་བའི་བར་འབྲེལ་བ་ཐད་ཀར་མཐོང་གི་ཡོད་པ་བཀོད་ཡོད་འདུག
རྒྱ་ནག་ནང་སྤྱི་ཚོགས་ཀྱི་ལྟ་སྟངས་དང་གཞུང་གི་སྒྲིག་གཞིས་གཉེན་སྒྲིག་མ་བྱས་པའི་ཁྱིམ་ཚང་ཚོར་བྱིས་པ་སྐྱེ་གསོ་བྱེད་རྒྱུར་དཀའ་ངལ་བཟོ་བཞིན་ཡོད། ༢༠༡༥ ལོར་རྒྱ་ནག་གིས་ལོ་བཅུ་ཕྲག་མང་པོར་ལག་བསྟར་བྱས་པའི་བྱིས་པ་གཅིག་གི་སྲིད་བྱུས་མཇུག་སྒྲིལ་བ་དང་། ཁྱིམ་ཚང་རེར་བྱིས་པ་གཉིས་སྐྱེ་གསོ་བྱེད་ཆོག་པ་བཟོས། དེ་ནས་ ༢༠༢༡ ལོར་བྱིས་པ་གསུམ་བར་འཕར་ཡོད། འོན་ཀྱང་གཉེན་སྒྲིག་དང་བྱིས་པ་སྐྱེ་བའི་གྲངས་ཀ་གཉིས་ཀ་མུ་མཐུད་མར་འགྲིབ་བཞིན་ཡོད། མར་འགྲིབ་འགྲོ་བའི་རྒྱུ་མཚན་ནི་ལྷག་པར་དུ་ཤེས་ཡོན་དང་དཔལ་འབྱོར་གྱི་རང་དབང་ཇེ་མཐོར་འགྲོ་བཞིན་པའི་བུད་མེད་ན་གཞོན་ཚོའི་ཁྲོད་དུ་གཉེན་སྒྲིག་ལ་ལྟ་སྟངས་འགྱུར་བ་འགྲོ་བཞིན་པའི་མཇུག་འབྲས་ཤིག་དང་། ལས་ཡུལ་དུ་དབྱེ་འབྱེད་ཁྱབ་ཆེན་པོ་དང་། ཕ་ཤུལ་བུ་འཛིན་གྱི་སྲོལ་རྒྱུན། དཔེར་ན་བུད་མེད་ཚོས་བྱིས་པ་གསོ་སྐྱོང་དང་ཁྱིམ་ལས་བྱེད་དགོས་པའི་རེ་བ་ལྟ་བུའི་དཀའ་ངལ་ལ་གདོང་ལེན་བྱེད་དགོས་པས། བུད་མེད་འགའ་ཤས་གཉེན་སྒྲིག་ལ་ཡིད་ཐང་ཆད་བཞིན་ཡོད།
གནས་སྟངས་འདི་ལྡོག་ཕྱོགས་སུ་བསྒྱུར་ཆེད། རྒྱ་ནག་གི་དཔོན་རིགས་ཚོས་དཔལ་འབྱོར་གྱི་སྐུལ་མ་དང་དྲིལ་བསྒྲགས་ལས་འགུལ་སོགས་ཐབས་ལམ་མང་པོ་སྤྱད་དེ་ན་གཞོན་ཚོར་གཉེན་སྒྲིག་དང་བྱིས་པ་སྐྱེ་གསོ་བྱེད་བར་སྐུལ་མ་གཏོང་བཞིན་ཡོད། དཔོན་རིགས་ཚོས་གཉེན་སྒྲིག་གི་འདུ་འཛོམས་དང་། སྡེ་ཚན་གཉེན་སྒྲིག་གཞན་ཡང་གྲོང་གསེབ་ཁུལ་དུ་དབུལ་ཕོངས་སྐྱེས་པ་མང་པོས་གཉེན་སྒྲིག་བྱེད་མི་ཐུབ་པའི་རྒྱུ་མཚན་དུ་གྱུར་བའི་མནའ་མའི་རིན་གོང་ཆེན་པོ་སྤྲོད་དགོས་པའི་སྲོལ་རྒྱུན་མར་གཅོག་ཐབས་བྱེད་བཞིན་ཡོད། ༢༠༢༢ ལོ་ནས་བཟུང་རྒྱ་ནག་གི་ཁྱིམ་ཚང་འཆར་འགོད་མཐུན་ཚོགས་ཀྱིས་”དུས་རབས་གསར་པའི་གཉེན་སྒྲིག་དང་བྱིས་པ་སྐྱེ་གསོའི་རིག་གཞུང་” ཞེས་པའི་ཚོད་ལྟའི་ལས་གཞི་འགོ་བཙུགས་ཡོད་འདུག་པ་དང་། གྲོང་ཁྱེར་བཅུ་ཕྲག་མང་པོས་”བྱིས་པ་སྐྱེ་གསོའི་སྤྱི་ཚོགས་ཀྱི་རིན་ཐང་”སྤེལ་བ་དང་ན་གཞོན་ཚོར་དུས་དང་འཚམས་པ་ལ་གཉེན་སྒྲིག་དང་བྱིས་པ་སྐྱེ་གསོ་བྱེད་པར་སྐུལ་མ་གཏོང་བཞིན་ཡོད། འོན་ཀྱང་ད་བར་སྲིད་བྱུས་འདི་དག་གིས་དཔལ་འབྱོར་ཉམས་རྒུད་ཀྱི་སྐབས་སུ་ལས་མེད་ཀྱི་དཀའ་ངལ་དང་། འཚོ་བའི་འགྲོ་སོང་འཕར་བ། སྤྱི་ཚོགས་བདེ་དོན་གྱི་རྒྱབ་སྐྱོར་མི་འདང་བ་བཅས་ཀྱི་དཀའ་ངལ་འཕྲད་བཞིན་པའི་རྒྱ་རིགས་ན་གཞོན་ཚོར་ཤུགས་རྐྱེན་ཐེབས་ཐུབ་མེད། མང་པོ་ཞིག་གིས་གཉེན་སྒྲིག་དང་བྱིས་པ་སྐྱེ་གསོ་ཕྱིར་འགྱངས་བྱེད་བཞིན་ཡོད་པ་དང་། ན་གཞོན་ཇེ་མང་ཇེ་མང་གིས་དེ་དག་གཏན་ནས་མི་བྱེད་པར་ཐག་གཅོད་བྱེད་བཞིན་ཡོད། རྒྱ་ནག་གི་དཔོན་རིགས་དང་སྤྱི་ཚོགས་རིག་པ་བ་ཚོའི་བཤད་པ་ལྟར་ན། གཉེན་སྒྲིག་དང་བྱིས་པ་སྐྱེ་བའི་གྲངས་ཀ་ཉུང་དུ་འགྲོ་བ་ནི་ཆ་ཤས་ཤིག་རྒྱ་ནག་གི་མི་འབོར་འཕེལ་རྒྱས་ཚོད་འཛིན་བྱེད་པའི་སྲིད་བྱུས་ལོ་མང་པོར་ལག་བསྟར་བྱས་པའི་རྐྱེན་གྱིས་ཡིན་པ་དང་། དེའི་འབྲས་བུར་གཉེན་སྒྲིག་བྱེད་ཆོག་པའི་ན་ཚོད་ཀྱི་ན་གཞོན་གྲངས་ཀ་ཉུང་དུ་ཕྱིན་ཡོད་ཡང་བརྗོད་འདུག
མི་དམངས་དོན་གཅོད་ལྷན་ཁང་གི་གནས་ཚུལ་ལྟར་ན། ༢༠༢༤ ལོའི་ནང་རྒྱ་ནག་ནང་གཉེན་སྒྲིག་བྱས་པའི་ཁྱིམ་ཚང་ས་ཡ་ ༤.༧༤ བྱུང་ཡོད་པ་དང་། དེ་ནི་ན་ནིང་དུས་མཚུངས་ཀྱི་ས་ཡ་ ༥.༦༩ ལས་བརྒྱ་ཆ་ ༡༦.༦ ཀྱིས་ཉུང་བ་རེད་བཅས་དང་། ད་ལོའི་ཟླ་དགུའི་ནང་ཁྱིམ་ཚང་ས་ཡ་ ༡.༩༦ ཡིས་བཟའ་ཟླ་ཁ་བྲལ་རྒྱུའི་ཐོ་འགོད་བྱས་ཡོད་པ་དང་། དེ་ནི་ན་ནིང་ལས་ཁྱིམ་ཚང་༦,༠༠༠ ལས་ཅུང་ཟད་ཉུང་བ་ཡིན་པ་དང་། གཉེན་སྒྲིག་དང་བྱིས་པ་སྐྱེ་བའི་གྲངས་ཀ་མར་འགྲིབ་པའི་དཀའ་ངལ་འདི་རྒྱ་ནག་གཅིག་པུར་མིན་པས། ཉེ་བའི་ལོ་ཁ་ཤས་ནང་ཉི་ཧོང་དང་ལྷོ་ཀོ་རི་ཡ་གཉིས་ཀྱིས་ཀྱང་དཔལ་འབྱོར་གྱི་སྐུལ་མ་དང་། དངུལ་གྱི་ཕན་འབྲས། སྡོད་ཁང་གི་རོགས་དངུལ། གཞན་ཡང་བྱིས་པ་གསོ་སྐྱོང་གི་རྒྱབ་སྐྱོར་སོགས་ཐབས་ལམ་སྣ་ཚོགས་སྤྱད་དེ་བྱིས་པ་སྐྱེ་གསོར་སྐུལ་མ་བཏང་ཡོད་ཀྱང་གྲུབ་འབྲས་ཆེན་པོ་ཐོན་མེད་པ་སོགས་བཀོད་འདུག།
གསར་འགོད་པ། བསྟན་འཛིན་ཆོས་དབྱངས།