རྒྱ་ནག་ནང་གི་དཀའ་ངལ།

ཟླ་འདིའི་ཚེས་༡ ཉིན་གསར་འགྱུར་་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། རྒྱ་ནག་གི་ཏོག་དབྱིབས་གཉན་རིམས་ཀླད་ཀོར་ཞེས་པའི་སྲིད་བྱུས་འོག་ཚོང་ཁང་དང་སྤྲོ་གསེང་ཁང་སོགས་གློ་བུར་དུ་སྒོ་བརྒྱབ་པར་བརྟེན་མི་མང་སྟོང་ཕྲག་མང་པོ་སྤྲོ་གསེང་ཁང་གི་ཕྱི་ལ་འགྲོ་མི་ཆོག་པའི་་དཀའ་ངལ་ཆེན་མོ་འཕྲད་བཞིན་ཡོད་པ་དང་། ལྷག་པར་དུ་བཟོ་གྲྭ་ཁག་གི་ལས་མི་སྟོང་ཕྲག་མང་པོ་ནད་པ་ཆགས་པ་དང་ལས་མི་མང་པོ་ཞིག་ནི་བཟོ་གྲྭ་ནས་བྲོས་བྱོལ་དུ་འགྲོ་བཞིན་ཡོད་པའི་གནས་ཚུལ་ཐོན་འདུག

ཉེ་ཆར་ཧྲང་ཧེ་ལ་ཏོག་དབྱིབས་གཉན་རིམས་ཕོག་མཁན་ནད་པ་༡༠ ཞིག་བྱུང་ཡོད་པར་བརྟེན། རྒྱ་ནག་གི་དབང་འཛིན་པ་ཚོས་གློ་བུར་དུ་སྒོ་རྒྱ་བསྡམས་ཡོད་འདུག་ལ། ཧྲང་ཧེ་གྲོང་ཁྱེར་ལ་ཡོད་པའི་ཊ་སི་ནི(Disney Resort ) ཞེས་པའི་སྤྲོ་གསེང་གཏོང་ས་ཞིག་ཀྱང་གློ་བུར་དུ་སྒོ་བརྒྱབ་དགོས་པ་བྱུང་བའི་དབང་གིས་མི་མང་བརྒྱ་ཕྲག་མང་པོ་སྤྲོ་གསེང་གཏོང་སའི་ནང་ལ་ལྷག་ཡོད་པ་དང་། ཁོང་ཚོ་ལ་ནད་ཡམས་འགོས་ཡོད་མེད་ཀྱི་བརྟག་དཔྱད་བྱས་ནས་ནད་རྟགས་ཐོན་མེད་ན་མ་གཏོགས་ཕྱི་ལ་འགྲོ་ཆོག་གི་མེད་པ་དང། ས་གནས་དེའི་གཞུང་ལམ་གཡས་གཡོན་དུ་ཡོད་པའི་ཚོང་ཁང་ཐམས་ཅད་སྒོ་བརྒྱབ་ཡོད་འདུག ལྷག་པར་དུ་བདུན་ཕྲག་སྔོན་མའི་རེས་གཟའ་ཕུར་བུ་ནས་སྤྲད་གསེང་གཏོང་ས་ལ་བསྐྱོད་མཁན་ཚང་མ་ལ་ཉི་མ་རེ་ལ་བརྟག་དཔྱད་ཐེངས་རེ་ཡི་ཉིན་གསུམ་བསྟུད་མ་བརྟག་དཔྱད་བྱེད་རྒྱུ་དང་། བརྟག་དཔྱད་མ་ཚར་བར་ལས་ཀ་དང་སློབ་གྲྭ་སོགས་གང་དུ་འགྲོ་འོང་ཆོག་གི་མེད་པའི་གནས་ཚུལ་ཐོན་འདུག

གཞན་ཡང་ཀྲིན་ཀྲུག་གྲོང་ཁྱེར་དུ་ཡོད་པའི་(Foxconn) བཟོ་གྲྭ་ནི་རྒྱ་ནག་ནང་གི་བཟོ་གྲྭ་ཆེ་ཤོས་གྲས་ཤིག་ཡིན་པ་མ་ཟད་ཨེ་ཤ་ཡའི་ནང་གི་བཟོ་གྲྭ་ཆེ་ཤོས་ཀྱི་གྲས་ཤིག་ཀྱང་ཡིན་འདུག འཛམ་གླིང་ཐོག་གི་ཀུ་ཤུ་ཁ་པར་བརྒྱ་ཆའི་༧༠% ལྷག་བཟོ་སྐྲུན་བྱེད་སའི་ལྟེ་གནས་ཡིན་པས་མིང་གཞན་ལ་ཀུ་ཤུའི་གྲོང་ཞེས་འབོད་ཀྱི་ཡོད་འདུག་ལ། བཟོ་གྲྭ་དེའི་ནང་དུ་ལས་མི་འབུམ་གཉིས་ལྷག་ཡོད་འདུག འདས་པའི་ཉི་མ་ཁ་ཤས་ཀྱི་ནང་དུ་བཟོ་གྲྭ་དེའི་ནང་ལ་ལས་མི་ཁྲི་གཉིས་ཙམ་ལ་ན་ཚ་ཕོག་ཡོད་ཀྱང་། བཟོ་གྲྭ་ངོས་ནས་གསལ་བཤད་གང་ཡང་བྱས་མེད་པ་དང་ལྷག་པར་དུ་ནད་པ་ཚོ་ལ་ཁ་ལག་དང་སྨན་གྱི་མཐུན་རྐྱེན་སོགས་ཧ་ཅང་ཞན་པོ་དང་མ་འདང་བའི་དཀའ་ངལ་ཆེན་མོ་ཡོད་པའི་གནས་སྟངས་འོག བཟོ་གྲྭ་དེའི་ནང་གི་ལས་མི་བརྒྱ་ཕྲག་མང་པོ་བྲོས་བྱོལ་དུ་འགྲོ་བཞིན་ཡོད་པའི་གནས་ཚུལ་ཐོན་འདུག

ལས་མི་མང་ཆེ་བ་ནི་རྐང་ཐང་གིས་རང་ཡུལ་དུ་ལོག་བཞིན་པ་དང་ལས་མི་ཁ་ཤས་ནི་ཉིན་གྲངས་ལྔ་ཙམ་གོམ་པ་སྤོས་ནས་འགྲོ་དགོས་ཀྱི་ཡོད་འདུག་ལ། ས་གནས་མི་མང་ཁ་ཤས་ཀྱིས་ཁོང་ཚོ་ལ་རྒྱབ་སྐྱོར་མཚོན་ཆེད་དུ་ལམ་ཟུར་དུ་འཐུང་ཆུ་དང་སྟབས་བདེ་ཐུག་པ་སོགས་བཟའ་ཆས་རིགས་ཉོས་ནས་བཞག་ཡོད་པའི་གནས་ཚུལ་ཐོན་འདུག

གནས་ཚུལ་དབྱི་ཞིབ་པ་ཚོས་ཕྱི་ཟླ་བཅུ་གཅིག་པའི་ནང་ལ་ཀུ་ཤུ་ཁ་པར་གྱི་ཚོང་ལས་བརྒྱ་ཆ་༣༠% མར་ཆག་སྲིད་པ་རེད་ཅེས་བརྗོད་བཞིན་འདུག

རྒྱ་ནག་གི་ནང་ལ་ཏོག་དབྱིགས་གཉན་རིམས་ཀླད་ཀོར་ཞེས་པའི་སྲིད་བྱུས་ལ་འདོད་པ་མེད་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་ན་ཡང་། སྲིད་བྱུས་དེ་མུ་མཐུད་དུ་ལག་བསྟར་བྱེད་བཞིན་པ་དང་མི་མང་ཁྲི་ཕྲག་མང་པོས་སྲིད་བྱུས་དེའི་འོག་ལ་དཀའ་ངལ་མྱོང་བཞིན་པ་དང་འཇིགས་སྣང་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག།

གསར་འགོད་པ། བློ་བཟང་རྒྱ་མཚོ།

Share this:

Leave a Reply