རྒྱ་ནག་ནང་གི་སྨན་ཁང་ལས་བྱེད་ཚོར་གླ་ཕོགས་ཀྱི་དཀའ་ངལ་འཕྲད་མུས་རེད་འདུག

ཟླ་བ་འདིའི་ཚེས་༢༤ ཉིན་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། སྔར་ལོའི་ཕྱི་ཟླ་༡༢ པའི་ཚེས་༧ ཉིན་རྒྱ་ནག་ནང་ཏོག་དབྱིབས་གཉན་རིམས་ཀླད་ཀོར་ཞེས་པའི་སྲིད་བྱུས་མེད་པ་བཟོས་རྗེས་། རྒྱ་ནག་ནང་མི་འབོར་རྒྱ་ཆ་༨༠ ཙམ་ལ་ཏོག་ནད་འགོས་པས། སྨན་ཁང་ལ་ཡོངས་མཁན་གྱི་ནད་པའི་ཁ་གྲངས་མང་བར་ཕྱིན་པར་བརྟེན། སྨན་ཁང་ནང་གི་ལས་བྱེད་པ་ཡོངས་ལ་ལས་ཀའི་ཆུ་ཚོད་འཕར་མ་མང་པོ་བྱེད་དགོས་བྱུང་ཡོད་ཀྱང་ས་གནས་འགོ་ཁྲེིད་ཀྱིས་ཁོ་ཚོ་ལ་གླ་ཕོགས་འཕར་མ་སྤྲད་རྒྱུ་ཕར་ཞོག དེ་སྔོན་སྤྲད་པའི་གླ་ཕོགས་ལས་ཉུང་བ་སྤྲད་པ་དང་ལས་བྱེད་ཁག་ཅིག་ལ་ཟླ་བ་ཁ་ཤས་སོང་ཡང་ད་དུང་གླ་ཕོགས་རག་མེད་པའི་གནས་ཚུལ་ཀྱང་ཐོན་འདུག

རྒྱ་ནག་ལྷོ་ཕྱོགས་གྲོང་ཁྱེར་ཆེན་པོ་ཞིག་གི་སྨན་ཁང་གི་ཕྱི་ནད་ཚན་པའི་སྨན་པ་ཞིག་གིས། ང་ལ་ད་བར་ཟླ་བ་གསུམ་རིང་གླ་ཕོགས་རག་མ་སོང་། དེ་སྔོན་ཟླ་བ་༩ པའི་ནང་གླ་ཕོགས་མཐའ་མ་དེ་རག་སོང་། སྐབས་དེར་ངའི་གླ་ཕོགས་སྔོན་མ་ལས་སྒོར་༤༠༠༠ ཉུང་རུ་ཕྱིན་འདུག་ཅེས་བརྗོད་འདུག

དེ་བཞིན། མིང་བརྗོད་འདོད་མེད་པའི་སྨན་ཁང་གི་ལས་བྱེད་ཁ་ཤས་ཀྱིས། དེ་སྔོན་ང་ཚོ་ལ་ཟླ་རེའི་གླ་ཕོགས་ཕུད་པའི་དུས་རེའི་བྱ་དགའ་དང་ལོ་མཇུག་གི་བྱ་དགའ་ཟེར་བ་སྤྲད་སྲོལ་ཡོད་ཀྱང་། ཕྱིས་སུ་སྨན་ཁང་ནས་གསལ་བཤད་གང་ཡང་མེད་པར། དུས་རེའི་བྱ་དགའ་དང་ལོ་མཇུག་གི་བྱ་དགའ་ཟེར་བ་རྣམས་ག་ལེར་ཉུང་རུ་བཏང་ནས་ད་ལྟ་ཚང་མ་མེད་པ་བཟོས་སོང་ཞེས་བརྗོད་འདུག

གཞན་ཡང་རུས་མིང་ལ་ཀྲོའོ་ཟེར་མཁན་ཞིག་གིས། ད་ལྟའི་ཆར་གླ་ཕོགས་དུས་ཐོག་ཏུ་མི་རག་པ་དང་དུས་རེའི་བྱ་དགའ་དང་ལོ་མཇུག་གི་བྱ་དགའ་རྣམས་མེད་པ་བཟོས་པ། དེ་བཞིན་གླ་ཕོགས་ཉུང་རུ་བཏང་བ་སོགས་ཀྱི་དཀའ་ངལ་མང་པོ་འཕྲད་ཀྱང་། སྨན་ཁང་ནས་རྩ་དགོངས་ཞུ་ཐབས་བྲལ་བ་རེད། རྒྱུ་མཚན་ནི་སྨན་ཁང་ནས་ང་ཚོ་རྩ་དགོངས་ཀྱི་ཆོག་མཆན་སྤྲད་ཀྱི་མ་རེད། གལ་ཏེ་ང་ཚོས་ད་དུང་རྩ་དགོངས་ཞུས་ཚེ། ཁོང་ཚོས་ང་ཚོ་མི་སྒེར་གང་ཟག་གི་ཡིག་ཆ་རྣམས་ངོས་ལེན་བཀའ་འཁྲོལ་མེད་པའི་ཐོ་གཞུང་ནང་འགོད་ཀྱི་རེད། དེ་ལྟར་བྱེད་ན་ང་ཚོ་མ་འོངས་པར་སྨན་ཁང་གཞན་ཁག་ལ་ལས་ཀ་འཚོལ་སྐབས་དཀའ་ངལ་ཆེན་པོ་འཕྲད་ཀྱི་རེད་ཅེས་བརྗོད་པའི་གནས་ཚུལ་ཐོན་འདུག །

གསར་འགོད་པ་བདེ་སྒྲོན།

Share this:

Leave a Reply