རྒྱ་ནག་ནང་དཀའ་ངལ་ཇེ་ཆེ་དང་མི་གསོད་དོན་རྐྱེན་ཇེ་མང་དུ་འགྲོ་བཞིན་ཡོད་འདུག

འདས་པའི་ཟླ་བ་འགའ་ཤས་ནང་རྒྱ་ནག་གི་ས་ཆ་འདྲ་མིན་ནས་མི་གསོད་དོན་རྐྱེན་ཐེངས་མང་བྱུང་ཡོད་འདུག་པ་དང་། དེ་ཡང་མི་གསོད་དོན་རྐྱེན་རེ་རེའི་ཁྲོད་མི་མང་པོའི་སྲོག་ཤོར་བའི་གནས་ཚུལ་བྱུང་ཡོད་འདུག

པར། south china morning post

ཕྱི་ཚེས་༡༣ ལྷོ་རྒྱ་ནག་ཆ་འཕྲིན་གྱིས་གནས་ཚུལ་སྤེལ་གསལ་ལྟར་ན། ཉེ་ཆར་གཟའ་ཟླ་བའི་ཉིན་རྒྱ་ནག་གི་ལྷོ་ཕྱོགས་ཀྱི་གྲོང་ཁྱེར་ཀྲུ་ཧེ་(Zhuhai) ནང་མི་གསོད་དོན་རྐྱེན་ཚབས་ཆེན་ཞིག་བྱུང་ཡོད་འདུག་པ་དང་། དོན་རྐྱེན་དེའི་ཁྲོད་ཁྱོན་མི་༣༥ ཙམ་རྐྱེན་ལམ་གྱུར་ཡོད་འདུག དེ་ནི་འདས་པའི་ལོ་བཅུ་ཕྲག་གཅིག་ཙམ་ནང་ཆེས་ཚབས་ཆེ་ཤོས་ཀྱི་དོན་རྐྱེན་ཞིག་ཡིན་ཚུལ་བརྗོད་འདུག དོན་རྐྱེན་དེ་རྩེད་རའི་ཕྱི་ལོག་ཏུ་བྱུང་ཡོད་འདུག་པ་དང་། དེ་ཡང་སྐྱེས་པ་རང་ལོན༦༢ ཡིན་པ་ཞིག་གིས་རླངས་འཁོར་བཏང་ནས་མི་ཚོགས་ཁྲོད་བརྒྱུགས་ནས་ཁྱོན་མི་༣༥ རྐྱེན་ལམ་དུ་བཏང་ཡོད་འདུག་ཅིང་། མི་༤༣ ལྷག་ཙམ་ཞིག་རྨས་ནས་ད་ལྟ་སྨན་ཁང་སྨན་བཅོས་བྱེད་བཞིན་ཡོད་པ་བརྗོད་འདུག མི་མང་ཚོས་རྩེད་རའི་ཕྱིར་ལུས་སྦྱོང་བྱེད་བཞིན་པའི་སྐབས་གློ་བུར་དུ་དོན་རྐྱེན་དེ་བྱུང་ཡོད་འདུག ད་ལྟ་གྲོང་ཁྱེར་དེའི་སྨན་ཁང་༥ ནས་སྨན་པ་དང་། སྨན་ཞབས་པ་ཁྱོན་༣༠༠ ཙམ་གྱི་སྨན་བཅོས་བྱེད་བཞིན་ཡོད་འདུག འོན་ཀྱང་དོན་རྐྱེན་དེ་བྱུང་རྗེས་སྲིད་འཛིན་ཞིས་ཅིང་ཕེན་གྱིས་ཉེས་ཅན་པ་དེ་ལ་ཉེས་ཆད་ལྗིད་པོ་གཅོད་དགོས་པ་དང་། ཞིབ་མཇུག་གཏིང་ཟབ་བྱེད་དགོས། མ་འོངས་པ་དོན་རྐྱེན་དེ་འདྲ་མི་ཡོང་བའི་ཆེད་གཟབ་དགོས་ཞེས་བརྗོད་ཡོད་འདུག
ས་གནས་ཉེན་རྟོག་པས་གསལ་བསྒྲགས་བྱས་པ་ལྟར་ན། དོགས་ཡོད་པ་དེ་འཛིན་བཟུང་བྱས་ཟིན་པ་དང་། རང་ཉིད་ཀྱིས་རང་ཉིད་ལ་རྨས་སྐྱོན་བཟོས་པའི་རྐྱེན་གྱིས་དྲན་མེད་དུ་གྱུར་ནས་སྨན་ཁང་དུ་ཡོད་ཚུལ་འདུག སྔོན་འགྲོའི་ཞིབ་བཤེར་གྱིས་དོགས་ཡོད་པ་དེས་ཁྲིམས་མཐུན་གྱི་བཟའ་ཚང་ཁ་བྲལ་འགྲོ་སྐབས་རྒྱུ་ནོར་བགོ་འགྲེམས་ལ་མ་དགའ་བའི་རྐྱེན་གྱིས་དོན་རྐྱེན་འདི་བསླངས་པ་ཡིན་སྲིད་པར་ཚོད་དཔག་བྱེད་ཀྱི་ཡོད་འདུག

པར། south china morning post

གྲོང་ཁྱེར་དེའི་དཔོན་རིགས་ཚོས་མི་མང་ལ་གསལ་བསྒྲགས་སྤེལ་ནས་མི་མང་ཁྲོད་འཚོ་བའི་ཐོག་དཀའ་ངལ་ཡོད་མཁན་ཚོ་གཞུང་ལ་ཡར་ཞུ་དགོས་པ་དང་། གཞུང་ལ་ཞུས་ན་རོགས་རམ་བྱེད་རྒྱུ་ཡིན་པ་བརྗོད་ཡོད་འདུག རྒྱུ་མཚན་ནི་དོན་རྐྱེན་དེའི་འབྱུང་རྩ་གཙོ་བོ་ནི་སྐྱེས་པ་དེའི་ཁྱིམ་མི་ཚོར་འཚོ་བའི་དཀའ་ངལ་འཕྲད་ཡོད་འདུག་ཅིང་། དེའི་རྐྱེན་པའི་སྐྱེས་པ་དེའི་བཟའ་ཟླ་བུད་མེད་དེ་དང་ཁོ་གཉིས་ཁ་བྲལ་ཕྱིན་ནས་རྒྱུ་ནོར་བགོ་འགྲེམས་བྱེད་དགོས་པའི་རྐྱེན་གྱིས་ཡིན་པ་བརྗོད་འདུག
གཟའ་མིག་དམར་ཉིན་ཀྲུ་ཧའེ་རུ་ཚོགས་འདུ་ཞིག་འཚོགས་ཡོད་ཅིང་། ཚོགས་འདུའི་སྐབས་སུ་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་མི་དང་། གྲོང་ཁྱེར་འགོ་ཁྲིད་དང་སྲིད་གཞུང་གི་དཔོན་རིགས་ཚོས་མི་མང་འདུ་འཛོམས་ཆེ་སའི་ས་ཁུལ་ཁག་ཏུ་གབ་ཡིབ་ཀྱི་ཉེན་ཁ་དང་། ཉེན་གཡོལ་ཞིབ་འཇུག་ནན་པོ་བྱ་རྒྱུའི་ཁས་ལེན་བྱས་ཡོད་འདུག ལྷག་པར་དུ་གནམ་གྲུའི་འགྲེམས་སྟོན་ཚོགས་སའི་ས་གནས་དང་། རྩེད་རའི་ས་ཁུལ། རིག་གཞུང་གི་ས་གནས་བཅས་སུ་ཞིབ་འཇུག་བྱ་རྒྱུ་ཡིན་པ་གཞུང་འབྲེལ་ཚགས་པར་ཀྲུ་ཧའེ་དམིགས་བསལ་ས་ཁུལ་ཉིན་རེའི་ཚགས་པར་ནང་སྙན་ཐོ་བཏོན་འདུག​​​​​​​​​​​​​​​​
ཀྲུ་ཧའེ་ཉེན་རྟོག་པས་དོན་རྐྱེན་དེ་བྱུང་ནས་ཉིན་གང་འགོར་རྗེས་གཟའ་མིག་དམར་གྱི་དགོང་མོར་གནས་ཚུལ་ཞིབ་ཕྲ་ཕྱིར་བསྒྲགས་བྱས་ཡོད་འདུག་ཅིང་། དེ་ནི་གནོད་འཚེ་ཚབས་ཆེན་གྱི་དོན་རྐྱེན་ཞིག་ཏུ་འགྲེལ་བརྗོད་བྱས་འདུག ཉེན་རྟོག་པས་བཤད་པ་ལྟར་ན། རང་ལོ་༦༢ ཡིན་པའི་སྐྱེས་པ་ཧྥན་ཟེར་བ་ཞིག་གིས་རྩེད་ར་ཞིག་གི་ཕྱི་རོལ་མི་ཚོགས་ནང་རླངས་འཁོར་ SUV ཞིག་བཏང་སྟེ། མི་གྲངས་༣༥ འདས་གྲོངས་དང་མི་གྲངས་༤༣ ལ་རྨས་སྐྱོན་བཏང་ཡོད་པ་བསྒྲགས་ཡོད་འདུག འདས་པའི་ཟླ་བ་འགའ་ཤས་རིང་རྒྱ་ནག་གི་སྤྱི་ཚོགས་ཁྲོད་མི་གསོད་དོན་རྐྱེན་དུ་མ་བྱུང་ཡོད་པ་བརྟེན། སྲིད་དོན་དཔྱད་བརྗོད་དག་གིས་ད་ཆར་རྒྱ་ནག་གི་སྤྱི་ཚོགས་ཁྱོན་ཡོངས་ཀྱི་དཔལ་འབྱོར་ལ་དཀའ་ངལ་ཆེན་པོ་ཞིག་འཕྲད་བཞིན་ཡོད་པ་དང་། གཞོན་སྐྱེས་ཁྲོད་ལས་མེད་ཀྱི་གྲངས་ཀ་ཧ་ཅང་མཐོ་པོ་ཡོད་པ་སོགས་ཀྱི་རྐྱེན་ལས་དོན་རྐྱེན་དེ་དག་འབྱུང་གི་ཡོད་པ་བརྗོད་འདུག དཔེར་ན། འདི་ལོའི་ཕྱི་ཟླ་༩ ནང་(Shanghai)ཧྲང་ཧེའི་ཁྲོམ་ནང་མི་གཉིས་ཀྱིས་མི་གསུམ་ལ་གྲི་བརྒྱབ་ནས་བསད་ཡོད་འདུག་ཅིང་། དེ་རྗེས་(Shanghai) ཧྲང་ཧེ་ལྷོ་ཕྱོགས་ཀྱི་གྲོང་ཁྱེར་ཞིག་ནང་ཉི་ཧོང་གི་སློབ་ཕྲུག་བུ་ཞིག་བསད་ཡོད་འདུག ཟླ་བ་སྔོན་མ་ཚེས་༨ ཉིན་(Guangzhou)ཀོང་ཀྲུའུ་གྲོང་ཁྱེར་ནང་མི་གཉིས་ཀྱིས་གྲི་བརྒྱབ་ནས་ཁྱོན་མི་བརྒྱད་ལ་རྨས་སྐྱོན་བཏང་ཡོད་འདུག ཉེ་ཆར་བདུན་ཕྲག་གཉིས་སྔོན་དུ་པེ་ཅིང་ཉེ་འཁོར་གྱི་(Haidian)ཧའེ་དྷིན་རྫོང་ནང་མི་ལྔ་ལ་གྲིས་བརྒྱབ་པའི་དོན་རྐྱེན་བྱུང་ཡོད་འདུག་ཅིང་། དོན་རྐྱེན་དེའི་ཁྲོད་མི་ལྔ་དེ་རྨས་སྐྱོན་ཚབས་ཆེན་ཕོག་ཡོད་པ་བརྗོད་འདུག ལོ་སྔོན་མ་ཕྱི་ཟླ་༡ ནང་(Guangzhou)ཀོང་ཀྲུའུ་ལྷོ་ཕྱོགས་ཀྱི་གྲོང་ཁྱེར་ཞིག་གི་ནང་མི་ཞིག་གིས་གློ་བུར་དུ་རླངས་འཁོར་མི་ཚོགས་ཁྲོད་བཏང་ནས་མི་༦ རྐྱེན་ལམ་དུ་བཏང་ཡོད་པ་དང་། གཞན་མང་པོ་ཞིག་རྨས་ཡོད་འདུག
ཉེ་ཆར་མི་གསོད་དོན་རྐྱེན་དེ་ནི་ཧ་ཅང་ཚབས་ཆེ་ཤོས་དང་མི་མང་ཤོས་བསད་ཡོད་འདུག ཐེངས་འདི་དོན་རྐྱེན་དེ་ཡང་བདུན་ཕྲག་འདི་ནང་ཀྲུ་ཧེ་(Zhuhai)གྲོང་ཁྱེར་ནང་རྒྱལ་སྤྱིའི་གནམ་གྲུ་འགྲེམས་སྟོན་བྱེད་རྒྱུའི་དུས་སྟོན་ཞིག་སླེབས་ཉེའི་སྐབས་བྱུང་ཡོད་འདུག རྒྱལ་སྤྱིའི་གནམ་གྲུ་འགྲེམས་སྟོན་དེ་ནི་ལོ་གཉིས་མཚམས་ནས་ཐེངས་རེ་སྲུང་བརྩི་ཞུ་སྲོལ་ཡོད་འདུག།
གསར་འགོད་པ། བསོད་ནམས་ཕུན་ཚོགས།

This will close in 0 seconds