རྒྱ་ནག་ནང་དཔལ་འབྱོར་གྱི་དཀའ་ངལ་དང་གཞོན་སྐྱེས་རྣམས་ཀྱིས་ལོ་གསར་གཡོལ་ཐབས་བྱས་པ།

རྒྱ་ནག་ནང་གི་ལོ་གསར་ནི་ལོ་གཅིག་ནང་གི་དུས་ཆེན་ཆེ་ཤོས་དེ་ཡིན་པ་དང་། ལོ་གསར་སྐབས་སུ་ཁྱིམ་མི་ལྷན་འཛོམས་བྱེད་རྒྱུའི་གོ་སྐབས་ཡག་ཤོས་དེ་ཡིན་ཡང་། ད་ཆར་རྒྱ་ནག་ནང་གི་ན་གཞོན་ཁྲོད་ལས་མེད་མང་པོ་འགྱུར་བཞིན་ཡོད་འདུག་པར་བརྟེན། ལོ་གསར་སྐབས་སུ་རང་རང་གི་ཁྱིམ་ལ་ལོག་ནས་ཁྱིམ་མི་དང་ལྷན་དུ་ལོ་གསར་ལ་རོལ་རྒྱུའི་འདོད་པ་བྱེད་ཀྱི་མེད་པ་རེད་འདུག ཕྱི་ཚེས་༡༢ ་ཉིན་བྷི་བྷི་སི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ལོ་ལྟར་རྒྱ་ནག་གི་ལོ་གསར་སྐབས། ས་ཕྱོགས་གང་ས་ལ་ཡོད་པའི་རྒྱ་རིགས་ས་ཡ་༣༨༠ ཙམ་རང་ཁྱིམ་དུ་ལོག་ནས་ནང་མི་དང་ལྷན་དུ་ལོ་གསར་ལ་རོལ་གྱི་ཡོད་ཀྱང་། འདི་ལོར་རྒྱ་ནག་ནང་དཔལ་འབྱོར་གྱི་དཀའ་ངལ་གྱིས་ན་གཞོན་མང་པོ་ཞིག་ལས་མེད་གྱུར་ནས་ལོ་གསར་གྱི་སྐབས་སུ་རང་རང་གི་ཁྱིམ་ལ་ལོག་རྒྱུའི་འདོད་མོས་བྱེད་ཀྱི་མེད་པ་ཡིན་འདུག རྒྱུ་མཚན་ནི་རྒྱ་རིགས་ཀྱི་རིག་གཞུང་ཁྲོད་ལོ་གསར་སྐབས་སུ་ཕ་མ་སྤུན་མཆེད་རྣམས་ལྷན་དུ་འཛོམས་དུས་ཕན་ཚུན་རང་རང་གི་ལས་ཀ་དང་། གླ་ཕོག གཉེན་སྒྲིག་བྱས་ཡོད་མེད་སོགས་ཀྱི་སྐོར་བཤད་སྲོལ་ཡོད་འདུག་པར་བརྟེན། ན་གཞོན་མང་པོ་ཞིག་ལས་མེད་གྱུར་ཡོད་པའི་རྐྱེན་གྱིས་འདི་ལོའི་ལོ་གསར་སྐབས་སུ་རང་ཁྱིམ་ལ་མ་ལོག་པར་སྡོད་བཞིན་ཡོད་པའི་སྐོར་(Xiaohongshu) དང་(Weibo)་སོགས་རྒྱ་ནག་གི་སྤྱི་ཚོགས་དྲྭ་ལམ་ཐོག་གླེང་སློང་བྱེད་བཞིན་ཡོད་འདུག

རྒྱ་ནག་གཞུང་གིས་ཕྱི་ལོ་༢༠༢༣ ལོར་སྙན་ཐོ་ཞིག་བཏོན་ཞིང་། སྙན་ཐོ་དེའི་ནང་རྒྱ་ནག་གི་གྲོང་ཁྱེར་ཁག་ནང་གཞོན་སྐྱེས་རང་ལོ་༡༦་ནས་༢༤ ་བར་ཡིན་མཁན་གྱི་ཁྲོད་མི་ལྔ་ནས་གཅིག་ལས་མེད་དུ་གྱུར་ཡོད་པར་བརྗོད་འདུག་ཀྱང་། ཟླ་བ་སྔོན་མ་ནས་རྒྱ་ནག་གཞུང་གིས་ལས་མེད་ཀྱི་གྲངས་ཐོ་འདོན་རྒྱུ་མཚམས་འཇོག་བྱས་ཡོད་འདུག རྒྱ་ནག་ནང་ཏོག་དབྱིབས་གཉན་རིམས་ཁྱབ་བརྡལ་ཕྱིན་པའི་རྗེས་སུ་དཔལ་འབྱོར་བསྐྱར་གསོ་ཐུབ་རྒྱུ་ལས་ལྡོག་སྟེ། ཁྲོམ་རྭ་མང་པོ་ཞིག་དཀའ་ངལ་ནང་ལྷུང་ནས་ས་གནས་གཞུང་ལ་བུ་ལོན་ཕོན་ཆེན་སྤྲོད་མ་ཐུབ་ནས་ལུས་ཡོད་འདུག རྒྱ་ནག་ནང་སྒེར་པའི་ཚོང་གཉེར་ཁང་མང་པོ་ཞིག་ལ་གཞུང་གིས་དམ་དྲག་ཆེན་པོ་བྱེད་བཞིན་ཡོད་པའི་རྐྱེན་གྱིས་དཔལ་འབྱོར་བསྐྱར་གསོ་ཡོང་རྒྱུ་ཁག་པོ་ཆགས་བཞིན་ཡོད་འདུག་པ་དང་། ཞི་ཅིན་ཕིང་གིས་དཔལ་འབྱོར་བསྐྱར་གསོ་ལས་རྒྱ་ནག་དམར་ཤོག་ཚོགས་པ་གལ་ཆེ་བ་འཛིན་བཞིན་ཡོད་འདུག་ཅིང་། ནུབ་ཕྱོགས་རྒྱལ་ཁབ་ཁག་ནས་མ་རྩ་འཛུགས་མཁན་རྣམས་ཀྱིས་རྒྱ་ནག་གཞུང་གི་སྲིད་བྱུས་དག་ལ་ཡིད་ཆེས་མེད་ནས་མ་རྩ་འཛུགས་མཁན་ཉུང་དུ་ཕྱིན་པས་ལས་མེད་མང་དུ་འགྲོ་བཞིན་ཡོད་འདུག ད་ཞག་རྒྱ་ནག་ནང་དཔལ་འབྱོར་གྱི་དཀའ་ངལ་ལ་བརྟེན་ནས་ལས་མེད་མང་དུ་ཕྱིན་པ་དང་། ལས་མེད་མང་དུ་ཕྱིན་པའི་རྐྱེན་གྱིས་ན་གཞོན་ཁྲོད་གཉེན་སྒྲིག་བྱེད་མཁན་ཉུང་དུ་འགྲོ་བཞིན་ཡོད་པ་དང་། གཉེན་སྒྲིག་བྱེད་མཁན་ཉུང་དུ་ཕྱིན་པའི་རྐྱེན་གྱིས་ད་ཆར་རྒྱ་ནག་གི་མི་འབོར་ཕོན་ཆེན་ཉུང་དུ་ཕྱིན་ནས་མ་འོངས་པར་དཀའ་ངལ་ཆེན་པོ་འཕྲད་རྒྱུ་ཡིན་པ་རྗོད་བཞིན་ཡོད་འདུག རྒྱུ་མཚན་ནི་ད་ལྟ་ཕྲུ་གུ་སྐྱེ་མཁན་མེད་ན་མ་འོངས་པར་ལས་མི་མེད་ནས་རྒྱལ་ཁབ་ཀྱི་ཆབ་དཔལ་རིག་གསུམ་འཛིན་སྐྱོང་བྱེད་མཁན་གྱི་མི་འབོར་མེད་པར་གྱུར་ཞིང་རྒྱལ་ཁབ་ཀྱི་སྟོབས་ཤུགས་ཉམས་རྒུད་འགྲོ་ཉེན་ཡོད་འདུག དེང་སང་རྒྱ་ནག་གཞུང་གིས་གཞོན་སྐྱེས་ཁྲོད་གཉེན་སྒྲིག་བྱེད་མཁན་མང་དུ་འགྲོ་ཆེད་སྲིད་བྱུས་འདྲ་མིན་སྤེལ་གྱི་ཡོད་འདུག་ཀྱང་། དོན་ཕན་ལྡན་པ་ཞིག་ཡོང་རྒྱུ་ཁག་པོ་ཆགས་བཞིན་ཡོད་འདུག །

གསར་འགོད་པ། བསོད་ནམས་ཕུན་ཚོགས།