རྒྱ་ནག་ནང་ན་གཞོན་མང་པོ་ཞིག་གར་སོང་ཆ་མེད་དུ་འགྱུར་བཞིན་ཡོད་འདུག
ཟླ་བ་འདིའི་ཚེས་༢ ཉིན་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། རྒྱ་ནག་ཅང་ཤི་ཞིང་ཆེན་ནང་། ལོ་སྔོན་མའི་ཕྱི་ཟླ་༡༠ པ་ནས་ཧུ་ཤིན་ཡུལ་ཟེར་མཁན་གྱི་ན་གཞོན་ལོ་༡༥ ལ་སོན་མཁན་ཞིག་སློབ་གྲྭ་ནས་གར་སོང་ཆ་མེད་དུ་འགྱུར་རྗེས། རྒྱ་ནག་གི་ནང་ལ་གནས་ཚུལ་དེ་འབྲེལ་མི་མང་ནང་དང་སྤྱི་ཚོགས་དྲ་རྒྱའི་ཐོག་དོགས་འདྲི་མང་པོ་ཞིག་བྱུང་ཡོད་པ་དང་། ཕྱི་ལོ་༢༠༢༣ ཟླ་བ་༢ ཚེས་༢ ཉིན་དགོང་མོར་རྒྱ་ནག་ཅང་ཤི་ཞིང་ཆེན་གྱི་གཞུང་འབྲེལ་གསལ་བསྒྲགས་ཤིག་སྤེལ་བའི་ནང་བརྗོད་དོན། ན་གཞོན་དེའི་ཕུང་པོ་རྙེད་སོན་བྱུང་ཡོད་པ་དང་ཁོ་པ་ནི་སྐེད་ཐག་བརྒྱབ་ནས་རང་ཤི་བརྒྱབ་ཡོད་ལུགས་བརྗོད་འདུག་ཀྱང་། གཞུང་འབྲེལ་གྱི་གསལ་བསྒྲགས་དེས་མི་མང་དང་སྤྱི་ཚོགས་དྲ་རྒྱའི་ཐོག་དེ་སྔོན་ལས་དོགས་འདྲི་མང་བ་འགྲོ་བཞིན་པའི་གནས་ཚུལ་ཐོན་འདུག
ལོ་༡༥ ལ་སོན་མཁན་ཧུ་ཤིན་ཡུལ་ནི་སྔར་ལོ་ཕྱི་ཟླ་༡༠ པའི་ཚེས་༡༤ ཉིན་སློབ་གྲྭ་ནས་གར་སོང་ཆ་མེད་དུ་འགྱུར་རྗེས། རྒྱ་ནག་གི་སྤྱི་ཚོགས་དྲ་རྒྱ་བེད་སྤྱོད་བྱེད་མཁན་དག་གིས་མཆན་བཀོད་ནང་། ན་གཞོན་དེ་མི་ཁ་ཤས་ཀྱིས་དཔུང་སྒྲིག་ནས་བསད་པའམ་བཙན་ཁྲིད་སོགས་བྱས་ནས་ཁོ་པའི་གཟུགས་པོའི་ནང་གི་དབང་པོ་དག་ལེན་མེད་དམ་སོགས་ཀྱི་དྲི་བ་མང་པོ་འདྲི་མཁན་བྱུང་ཡོད་པ་དང་། ཕ་མ་དང་ཉེན་རྟོག་པས་ཟླ་བ་གསུམ་ཙམ་བཙལ་ཀྱང་མ་རྙེད་པས་རེ་བ་ཚང་མ་བརླགས་མཚམས་སུ། ཟླ་བ་འདིའི་ཚེས་༢ ཉིན་གྱི་དགོང་མོར་རྒྱ་ནག་ཅང་ཤི་ཞིང་ཆེན་གྱི་གཞུང་འབྲེལ་གསལ་བསྒྲགས་ཤིག་སྤེལ་བའི་ནང་བརྗོད་དོན། ན་གཞོན་འདིའི་ཕུང་པོ་ཁོ་རང་གི་སློབ་གྲྭའི་ཉེ་འགྲམ་གྱི་ཤིང་ནག་ནང་རྙེད་སོན་བྱུང་སོང་ཞེས་དང་། ཕུང་པོའི་རིགས་རྫས་ལ་བརྟག་དཔྱད་ཀྱི་འབྲས་བུ་དང་དེ་བཞིན་ཕུང་པོའི་སྟེང་གི་གྱོན་གོས་སོགས་ཀྱི་བརྟག་དཔྱད་བྱས་འབྲས་སུ། ཁོ་པ་ནི་སྔར་ལོ་ནས་འཚོལ་ཞིབ་བྱེད་བཞིན་པའི་ན་གཞོན་ཧུ་ཤིན་ཡུལ་ཟེར་མཁན་དེ་ཡིན་པ་ངོ་རྟགས་ཆོད་སོང་ལ་། ཁོ་པ་ནི་སྐེད་ཐག་བརྒྱབ་ནས་རང་ཤི་བརྒྱབ་ཡོད་འདུག་ཅེས་འགྲེལ་བརྗོད་བྱས་ཡོད་ཀྱང་། མི་མང་དང་རྒྱ་ནག་གི་སྤྱི་ཚོགས་དྲ་རྒྱའི་ནང་གནས་ཚུལ་དེ་འབྲེལ་གཞུང་འབྲེལ་གྱི་འགྲེལ་བརྗོད་ལ་དོགས་འདྲི་སྔར་ལས་ལྷག་པ་ཆགས་བཞིན་ཡོད་འདུག
གནས་ཚུལ་དེ་འབྲེལ་རྒྱ་ནག་ཉེན་རྟོག་པས། ཕུང་པོའི་ཉེ་འགྲམ་དུ་སྒྲ་འཇུག་འཕྲུལ་ཆས་ཞིག་རྙེད་སོན་བྱུང་ཡོད་པ་དང་ད་ལྟའི་ཆར་བརྟག་དཔྱད་བྱེད་མུས་ཡིན་ཞེས་བརྗོད་འདུག
སྤྱིར་རྒྱ་ནག་ནང་། ཧུ་ཤིན་ཡུལ་གར་སོང་ཆ་མེད་དུ་འགྱུར་བའི་སྐོར་གནས་ཚུལ་ཆེན་པོ་ཆགས་ཡོད་ཀྱང་། ཧུ་ཤིན་ཡུལ་འདྲ་བའི་ཕྲུ་གུ་མང་པོ་ཞིག་གར་སོང་ཆ་མེད་དུ་ཕྱིན་པའི་གནས་ཚུལ་མང་པོ་ཐོན་ཡོད་འདུག་པ་དང་། སྤྱིར་ད་ལྟའི་ཆར་རྒྱ་ནག་ནང་ཕྲུ་གུ་ཁྱོན་ག་ཚོད་བརླགས་པ་ཁ་གསལ་མེད་ཀྱང་ད་ལྟ་བར་ཚོད་དཔག་བྱེད་ན་ཁྱོན་ན་གཞོན། ཁྲི་༢ནས་འབུམ་༢ ཙམ་གར་སོང་ཆ་མེད་དུ་འགྱུར་ཡོད་པ་དང་དེའི་ནང་ནས་ཕྲུ་གུ་༡༠༩༣༢ ཉེན་རྟོག་པས་རོགས་རམ་བྱས་རྗེས་རྙེད་སོན་བྱུང་ནས་རང་ཁྱིམ་དུ་ལོག་ཐུབ་པ་བྱུང་ཡོད་རབས་ཀྱི་གནས་ཚུལ་ཐོན་འདུག །
གསར་འགོད་པ་བདེ་སྒྲོན།