རྒྱ་ནག་ནང་མི་མང་སྟོང་ཚོ་མང་པོས་ངོ་རྒོལ་བྱས་འདུག
ཟླ་འདིའི་ཚེས་༦ སྟེ་རེས་གཟའ་སྤེན་པ་ནས་བཟུང་ཉིན་གསུམ་གྱི་རིང་། རྒྱ་ནག་ཤར་ཕྱོགས་སུ་ཡོད་པའི་ཞིང་ཆེན་ཅན་སུའུ་ཡི་གྲོང་ཁྱེར་ལན་ཡུན་ཞེས་པར། མི་མང་སྟོང་ཚོ་མང་པོ་འཛོམས་ཏེ་ས་གནས་དེར་རྡུལ་ཕྲན་གྱི་བཟོ་སྐྲུན་ལྟེ་གནས་ཤིག་འཛུགས་འཆར་ཡོད་པར། ངོ་རྒོལ་བྱས་ནས་མཚམས་འཇོག་བྱེད་དགོས་བྱུང་བའི་གནས་ཚུལ་འདུག
གསར་ལམ་ཁག་ཏུ་གསལ་བ་ལྟར་ན། མི་མང་ཚོས་ལག་ཏུ་ངོ་རྒོལ་གྱི་ཡིག་ཐུང་འདྲ་མིན་བཟུང་སྟེ། གྲོང་ཁྱེར་གྱི་སྲང་ལམ་བར་ལ་རྔམ་སྟོན་ཁྲོམ་སྐོར་དང་ངོ་རྒོལ་བྱེད་སྐབས། ཁག་ཅིག་གིས་རྡོ་གཡུགས་ཡོད་པའི་ཉེས་མིང་འོག་ངོ་རྒོལ་བ་བཅུ་གཉིས་ཙམ་ཞིག ཉེན་རྟོག་པས་འཇུ་བཟུང་བྱས་ཏེ་བཀག་ཉར་བྱས་ཡོད་པའི་གནས་ཚུལ་ཡོད་ན་ཡང་། ཕྱི་ཚེས་༩ ཉིན་ས་གནས་དེ་གའི་གཞུང་ནས་ལས་གཞི་དེ་མཚམས་འཇོག་བྱས་ཡོད་པའི་གསལ་བསྒྲགས་བྱེད་དགོས་བྱུང་ཡོད་པ་རེད་འདུག
དེ་ཡང་མི་མང་གིས་ངོ་རྒོལ་བྱེད་དགོས་པའི་རྒྱུ་མཚན་གཅིག་ནི། བཟོ་གྲྭ་འཛུགས་སྐྲུན་གྱི་སྐོར་ལ་ཁྲིམས་ཁ་གསལ་པོ་ཞིག་བྱུང་མེད་པས་རེད་འདུག་ལ། ཡང་རྒྱུ་མཚན་གཞན་ཞིག་ནི། གལ་སྲིད་རྡུལ་ཕྲན་གྱི་བཟོ་གྲྭ་འཛུགས་སྐྲུན་བྱུང་ན། མ་འོངས་པར་ས་ཁུལ་དེར་འོད་ཟེར་ཁྱབ་འབྱེད་ཅེས་པའི་ཉི་མའི་འོད་ཟེར་ཞིག་ཤུགས་ཆེ་རུ་འགྲོ་བའི་ཉེན་ཁ་ཡོད་པས་རེད་འདུག ཁྱབ་འབྱེད་ཅེས་པའི་ཉི་མའི་འོད་ཟེར་དེས་སྲོག་ལྡན་ཡོངས་ཀྱི་ཕུང་པོའི་གྲུབ་ཆ་ཕྲ་ཕུང་འཕྲོ་བརླག་གཏོང་བ་དང་། སྐྲན་ནད་བཟོ་བའི་རྐྱེན་བཟོ་ཡི་ཡོད་འདུག
རྡུལ་ཕྲན་གྱི་བཟོ་གྲྭ་དེའི་འཛུགས་སྐྲུན་ནི། རྒྱ་ནག་རྒྱལ་ཡོངས་རྡུལ་ཕྲན་མཉམ་འབྲེལ་ཚོགས་པའི་མཐུན་སྦྱོར་འོག ཧྥ་རན་སའི་ཨར་ཝེ་རྡུལ་ཕྲན་ཚོགས་པའི་ལག་རྩལ་གཉིས་ཟུང་འབྲེལ་གྱིས་འཛུགས་སྐྲུན་བྱེད་འཆར་རེད་འདུག །
གསར་འགོད་པ་བཀྲ་ཤིས་དོན་གྲུབ།