རྒྱ་ནག་ནང་མི་འབོར་ཉུང་དུ་འགྲོ་བཞིན་པས་བུ་བཅོལ་ཁང་སྟོང་ཕྲག་མང་པོ་སྒོ་རྒྱག་བཞིན་ཡོད་འདུག

རྒྱ་ནག་ནང་ད་ཆར་མི་འབོར་ཚད་ལས་བརྒལ་བ་ཉུང་དུ་འགྲོ་བཞིན་ཡོད་འདུག་པ་དང་། དེ་ཡང་དཔལ་འབྱོར་འཕེལ་རྒྱས་ཐད་སྔར་ལས་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་པའི་རྐྱེན་གྱིས་རྒྱ་ནག་གི་སྤྱི་ཚོགས་ཁྲོད་གཞོན་སྐྱེས་ཚོས་གཉེན་སྒྲིག་བྱེད་མཁན་ཉུང་དུ་ཕྱིན་ཡོད་འདུག་ལ། གཉེན་སྒྲིག་བྱས་ཀྱང་བྱིས་པ་མི་སྐྱེད་མཁན་མང་པོ་ཡོད་པའི་དབང་གིས་རྒྱ་ནག་ནང་གི་བུ་བཅོལ་ཁང་ཁག་གི་ནང་བྱིས་པ་མེད་པས་བུ་བཅོལ་ཁང་སྟོང་ཕྲག་མང་པོ་སྒོ་རྒྱག་དགོས་འབྱུང་བཞིན་ཡོད་འདུག
ཕྱི་ཚེས་༢༧ ཉིན་ལྷོ་རྒྱ་ནག་ཞོགས་པའི་ཆ་འཕྲིན་གྱིས་གནས་ཚུལ་སྤེལ་གསལ་ལྟར་ན། ཕྱི་ལོ་༢༠༢༣ ལོར་རྒྱ་ནག་ནང་བྱིས་པ་ག་ཚོད་སྐྱེས་ཡོད་མེད་ཀྱི་གྲངས་ཐོ་ལྟར་ན། རྒྱ་ནག་གི་སྤྱི་ཚོགས་ནང་ཕྱི་ལོ་༢༠༢༢ ལས་ལོ་སྔོན་མའི་བྱིས་པའི་གྲངས་བརྒྱ་ཆ་༥ ཉུང་དུ་ཕྱིན་ཡོད་འདུག་པར་བརྗོད་འདུག་ལ། རྒྱ་ནག་གི་ཤེས་རིག་ལྷན་ཁང་གི་གྲངས་ཐོ་ལ་གཞིགས་ན་ཕྱི་ལོ་༢༠༢༣ ལོར་ཁྱོན་བུ་བཅོལ་ཁང་༡༤༨༠༨ ཙམ་ཉུང་དུ་ཕྱིན་ནས་ད་ཡོད་བུ་བཅོལ་ཁང་ནི་༢༧༤༤༠༠ ཙམ་ཡོད་འདུག དེ་བཞིན་ལོ་གསུམ་བསྟུན་མར་བུ་བཅོལ་ཁང་ཁག་གི་ནང་བྱིས་པ་འཛུལ་ཞུགས་བྱེད་མཁན་ཁྱོན་བྱིས་པ་ས་ཡ་༥་༣༥ ཙམ་ཉུང་དུ་ཕྱིན་ཡོད་འདུག་པ་དང་དེ་ནི་བརྒྱ་ཆ་༡༡་༥༥ ཙམ་ཡིན་འདུག
རྒྱ་ནག་གི་དམའ་རིམ་སློབ་གྲྭ་ཁག་གི་ནང་སློབ་ཕྲུག་ལོ་རེ་ནས་ཉུང་དུ་འགྲོ་བཞིན་ཡོད་འདུག་པ་སྟེ། དཔེར་ན། ཕྱི་ལོ་༢༠༢༣ ནང་སློབ་ཕྲུག་༥༦༤༥ ཙམ་ཉུང་དུ་ཕྱིན་ཡོད་འདུག་ཅིང་། བརྒྱ་ཆ་༣་༨ ཡིན་འདུག ད་ཆར་རྒྱ་ནག་གི་བྱིས་པའི་གྲངས་ཀ་ཉུང་དུ་ཕྱིན་པ་དང་སྤྱི་ཡོངས་ཀྱི་མི་འབོར་ཉུང་དུ་འགྲོ་བཞིན་པ་གཉིས་ཀྱིས་རྒྱ་ནག་གི་མི་འབོར་གྲངས་ཀ་ལ་འགྱུར་བ་ཆེན་པོ་ཞིག་འགྲོ་བཞིན་ཡོད་པ་མཚོན་གྱི་ཡོད་པར་བརྗོད་འདུག མ་འོངས་པར་མི་འབོར་ཉུང་དུ་འགྲོ་བཞིན་པ་དེ་ཡིས་རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་ལ་གནོད་འཚེ་ཆེན་པོ་ཞིག་ཡོང་རྒྱུ་ཡིན་པ་ཡང་བརྗོད་འདུག ལོ་སྔོན་མར་རྒྱ་ནག་ནང་མི་འབོར་ས་ཡ་༢ ཉུང་དུ་ཕྱིན་ཡོད་འདུག་པ་དང་། བྱིས་པ་མ་སྐྱེས་པའི་གྲངས་ཀ་ནི་ས་ཡ་༩ ཡིན་འདུག དེ་ནི་སྤྱི་ལོ་༡༩༤༩ ནས་བྱིས་པ་སྐྱེས་པའི་གྲངས་ཀ་ཉུང་ཤོས་དེ་ཡིན་འདུག རྒྱ་ནག་གི་མི་འབོར་དང་འཕེལ་རྒྱས་ཞིབ་འཇུག་ལྟེ་གནས་ཀྱིས་རྩིས་རྒྱག་པའི་གྲངས་ཐོ་ལ་གཞིགས་ན། ཕྱི་ལོ་༢༠༢༢ ལོར་བྱིས་པའི་སྐྱེས་ཚད་ནི་༡་༠༩ ཡིན་འདུག་པ་དང་། མི་འབོར་མཁས་པ་ཚོས་ཚོད་དཔག་བྱས་པ་གཞིགས་ན། ལོ་སྔོན་མར་༡་༠ འོག་ཏུ་ཆག་ཡོད་ནའང་། གཞུང་འབྲེལ་གྱི་གྲངས་ཐོ་གསལ་བསྒྲགས་བྱས་མེད་པར་བརྗོད་འདུག བྱིས་པ་སྐྱེས་ཚད་ཟེར་བ་ནི་བུད་མེད་གཅིག་ལ་ཆ་སྙོམས་ཀྱི་བྱིས་པ་ག་ཚོད་སྐྱེ་ཡི་ཡོད་མེད་ཡིན་པར་བརྗོད་འདུག་ལ། བུད་མེད་གཅིག་ལ་བྱིས་པ་༢་༡ སྐྱེས་ན་ཡོངས་གྲགས་སུ་རྒྱལ་ཁབ་ཀྱི་མི་འབོར་འཕེལ་ཆག་ལ་དེ་ཙམ་འགྱུར་བ་ཆེན་པོ་མེད་པར་ངོས་འཛིན་བྱས་ནས་ཡག་པོ་ཡོད་པར་བརྗོད་འདུག

རྒྱ་ནག་གི་གྲོང་ཁྱེར་ཕྱུག་ཤོས་(Shanghai)ཧྲང་ཧེའི་ནང་ལོ་སྔོན་མར་བྱིས་པའི་སྐྱེས་ཚད་ནི་༠་༦་ཡིན་འདུག དེ་ལས་ལྡོག་སྟེ་མི་རྒན་འཁོགས་ལྟ་སྐྱོང་བྱེད་དགོས་པའི་མི་འབོར་དེ་ཧ་ཅང་ཡར་འཕར་ཡོད་པར་བརྗོད་འདུག ད་ཆར་རྒྱ་ནག་ཏུ་ཡོད་པའི་བུ་བཅོལ་ཁང་ཚོས་དཀའ་ངལ་གཞན་ཞིག་གདོང་ལེན་བྱེད་བཞིན་ཡོད་འདུག་པ་དང་། དཔེར་ན། ལོ་གསུམ་མན་གྱི་བྱིས་པ་རྣམས་ལ་སློབ་གསོ་སྤྲོད་པ་དང་། ལྟ་སྐྱོང་དང་ཤེས་ཡོན་ཟུང་འབྲེལ་སྤྲོད་རྒྱུའི་ཐབས་བྱུས་གསར་པ་ཞིག་ལག་བསྟར་བྱེད་བཞིན་ཡོད་འདུག
རྒྱལ་ཡོངས་འཕྲོད་བསྟེན་ཨུ་ཡོན་ལྷན་ཁང་གིས་ཕྱི་ལོ་༢༠༢༠ ལོའི་གྲངས་ཐོ་ལྟར་ན། རྒྱ་ནག་ནང་ཕྲུ་གུ་ཆུང་ཆུང་ཡོད་པའི་ཁྱིམ་ཚང་བརྒྱ་ཆ་ ༣༠ ལྷག་ལ་བྱིས་པ་ལྟ་སྐྱོང་གི་དགོས་མཁོ་ཡོད་ནའང་། བརྒྱ་ཆ་ ༥.༥ ཙམ་གྱིས་མ་གཏོགས་རང་གི་ཕྲུ་གུ་བྱིས་པ་ལྟ་སྐྱོང་ཁང་ངམ་སློབ་ཆུང་སྔོན་འགྲོར་གཏོང་གི་མེད་པར་བརྗོད་འདུག་ལ། སློབ་ཆུང་སྔོན་འགྲོ་མང་པོ་ཞིག་རྒས་འཁོགས་ལྟ་སྐྱོང་ཁང་དུ་བསྒྱུར་ཡོད་ཅིང་། དེའི་ལས་བྱེད་མང་པོ་ཞིག་གིས་ལས་ཀ་བརྗེས་ཏེ་རྒས་འཁོགས་ལྟ་སྐྱོང་བྱེད་བཞིན་ཡོད་པར་བརྗོད་འདུག
རྒྱ་ནག་གི་ཁྱིམ་ཚང་ཚོས་ཕྲུ་གུ་སྐྱེ་འདོད་ཇེ་ཉུང་དུ་འགྲོ་བཞིན་ཡོད་ཚུལ་དང་། དེའི་རྒྱུ་མཚན་ནི་སྡོད་ཁང་དང་ཕྲུ་གུ་གསོ་སྐྱོང་གི་འགྲོ་གྲོན་ཆེ་ཞིང་། སློབ་གྲྭ་དང་གཙུག་ལག་སློབ་གཉེར་ཁང་། དེ་བཞིན་ལས་ཀའི་ཆེད་དུ་འགྲན་རྩོད་ཆེན་པོ་ཡོད་པ་མ་ཟད་། དཔལ་འབྱོར་དང་ཆབ་སྲིད་ཀྱི་མདུན་ལམ་ངེས་མེད་བཅས་ཀྱི་དབང་གིས་ཡིན་པར་བརྗོད་འདུག
ཤར་ཕྱོགས་ཀྱི་གྲོང་ཁྱེར་(Ningbo)ཉིང་པོ་རུ་ཕྲུ་གུ་སྐྱེད་ཐུབ་པའི་ལོ་ཚོད་ཀྱི་བུད་མེད་ཚོར་ཉེ་ཆར་བསྡུ་རུབ་བྱས་པའི་ཞིབ་འཇུག་གྲུབ་དོན་ལྟར་ན། གཉེན་སྒྲིག་མ་བྱས་པ་དང་ཕྲུ་གུ་མེད་པའི་བུད་མེད་ཕྱེད་ཀ་ཙམ་གྱིས་ཕྲུ་གུ་གཅིག་ལས་མི་དགོས་པར་བརྗོད་ཡོད་འདུག་པ་དང་། གསུམ་ཆ་གཅིག་ལྷག་གིས་ཕྲུ་གུ་གཏན་ནས་མི་དགོས་པར་བརྗོད། བརྒྱ་ཆ་ ༡༥ ཡིས་ཕྲུ་གུ་གཉིས་དགོས་པར་བརྗོད། བརྒྱ་ཆ་ ༡ ལས་ཉུང་བས་ཕྲུ་གུ་མང་བ་དགོས་པར་བརྗོད་ཡོད། དྲི་བར་ལན་འདེབས་བྱེད་མཁན་གྱི་བརྒྱ་ཆ་ ༥༦ གིས་གཉེན་སྒྲིག་ནི་ངེས་པར་དུ་དགོས་པ་ཞིག་མིན་པར་འདམ་ག་ཞིག་ཡིན་པར་བརྩིས་ཡོད་པ་དང་། བརྒྱ་ཆ་ ༦ ཙམ་གྱིས་གཉེན་སྒྲིག་བྱེད་དགོས་དོན་གཏན་ནས་མེད་པར་མཐོང་མཁན་ཡོད་པར་ཡང་བརྗོད་འདུག
གསར་འགོད་པ། བསོད་ནམས་ཕུན་ཚོགས།