རྒྱ་ནག་ནང་མེད་པ་བཞིའི་བསམ་བློ་འཁྱེར་མཁན་གྱི་གཞོན་སྐྱེས་མང་དུ་འགྲོ་བཞིན་ཡོད་འདུག
རྒྱ་ནག་གི་ནང་དགའ་རོགས་སྒྲིག་འདོད་མེད་མཁན་དང་གཉེན་སྒྲིག་བྱེད་འདོད་མེད་མཁན། དེ་བཞིན་ཕྲུ་གུ་སྐྱེས་འདོད་མེད་མཁན་དང་ཁང་པ་ཉོ་འདོད་མེད་མཁན་ཇེ་མང་དུ་འགྲོ་བཞིན་པར་བརྟེན། གཞོན་སྐྱེས་ཚོ་ནི་རྒྱ་ནག་གཞུང་གི་བློ་འཚབ་བྱ་ཡུལ་ཞིག་ཏུ་གྱུར་ཡོད་པའི་གནས་ཚུལ་ཐོན་འདུག
ཟླ་འདིའི་ཚེས་༡༣ ཉིན་ཨེ་ཤེ་ཡའི་དུས་བབ་(ASIA TIMES) ་ཅེས་པའི་ཐོག་གནས་ཚུལ་སྤེལ་གསལ་ལྟར་ན། རྒྱ་ནག་ནང་ལས་ཀ་བརྟན་པོ་མེད་མཁན་གཞོན་སྐྱེས་ཚོས་རང་ཁྱིམ་རང་བདག་བྱེད་པའི་ཕུགས་འདུན་དོར་བ་ཙམ་མ་ཟད། གཉེན་སྒྲིག་དང་དགའ་རོགས་སྒྲིག་རྒྱུ་སོགས་ལ་ཡང་འདོད་མོས་བྱེད་ཀྱི་མེད་པ་རེད་འདུག

ལོ་འདིའི་ཟླ་༦ ཚེས་༡༥ ་ཉིན་རྒྱ་ནག་གི་རྒྱལ་ཡོངས་དབྱེ་འབྱེད་བསྡོམས་རྩིས་ལས་ཁུངས་(National Bureau of Statistic) ་ཀྱི་མགྲིན་ཚབ་པ་ཧྥུ་ལིང་ཧྭ་(Fu Linghua) ་ཡིས་རྒྱ་ནག་ནང་ལོ་ན་༡༦ ་ནས་༢༤ ་བར་གྱི་གཞོན་སྐྱེས་ས་ཡ་༦ ་གིས་ལས་ཀ་འཚོལ་བཞིན་ཡོད་པ་རེད་ཅེས་བརྗོད་འདུག ཡིན་ན་ཡང་། ཁོང་གི་བསྡོམས་རྩིས་ནང་ད་ལོ་སློབ་གྲྭ་ཐོན་མཁན་རྒྱ་ནག་གི་གཞོན་སྐྱེས་ས་ཡ་༡༡ དང་འབུམ་༦ ཚུད་མེད་པ་མ་ཟད། རྒྱ་ནག་ནང་ཡོང་འབབ་བརྟན་པོ་མེད་པའི་དཀའ་ངལ་འཕྲད་མཁན་ཏེ། ལོ་ན་༣༠ སོ་གྲངས་ཡིན་མཁན་དག་ཀྱང་ཁོང་གི་བསྡོམས་རྩིས་ནང་ཚུད་མེད་པ་རེད་འདུག
དེང་སྐབས་རྒྱ་ནག་ཏུ་ཡོད་པའི་ལོ་ན་༣༠ སོ་གྲངས་སོན་མཁན་དག་ལ་མེད་པ་བཞིའི་བསམ་བློ་འཁྱེར་མཁན་ཞེས་རྒྱ་ནག་གི་སྤྱི་ཚོགས་དྲྭ་ལམ་ཁག་ཏུ་འཕེལ་ཕྱོགས་གསར་པ་ཞིག་ཏུ་འགྱུར་བཞིན་ཡོད་འདུག རྒྱ་ནག་ནང་གཞོན་སྐྱེས་མང་ཆེ་བས་ཁང་པ་ཡོད་མཁན་ཞིག་དང་གཉེན་སྒྲིག་བྱེད་འདོད་བྱས་ཀྱང་། ས་ཁང་གི་རིན་གོང་ཧ་ཅང་མཐོ་རུ་ཕྱིན་ཡོད་འདུག

བརྙན་འཕྲིན་བརྒྱུད་ལམ་ཞིག་གིས་ལོ་ན་༣༠ ལ་སོོན་པའི་སྐྱེས་པ་ཞིག་ལ་བཅར་འདྲི་ཞིག་བྱས་པའི་ལན་དུ། ཁོང་གིས་ངས་དཀའ་ལས་མ་བརྒྱབ་པ་མིན། ངའི་དཀའ་སྤྱད་འབད་བརྩོན་ལ་གྲུབ་འབྲས་བཟང་པོ་ཐོབ་མ་སོང་། ཕྱི་ལོ་༢༠༢༠ ནས་ངས་པེ་ཅིང་དུ་ཟས་རིགས་སྐྱེལ་འདྲེན་གྱི་ཟ་ཁང་ཞིག་ཏུ་ལས་ཀ་བྱས་པ་ཡིན། ད་ལྟ་ང་ལ་རྒྱ་སྒོར་༢༠༠༠༠ གི་བུ་ལོན་ཡོད། ལོ་བཅུའི་ཡར་སྔོན་ཡིན་ན་ངས་དགའ་རོགས་ཤིག་བཙལ་ཐུབ་ཀྱང་ད་ནི་ཡོང་ཐབས་བྲལ་བ་ཞིག་རེད། གལ་སྲིད་ང་ལ་ཕྲུ་གུ་ཞིག་ཡོད་ན། ཁོང་ཚོས་སྡུག་བསྔལ་མྱོང་དགོས་འཁེལ་གྱི་རེད་ཅེས་བརྗོད་འདུག
ལོ་འདིའི་ཕྱི་ཟླ་༤ ་པའི་ནང་རྒྱ་ནག་ཏུ་བརྙན་ཐུང་ཞིག་ཁྱབ་ཡོད་པ་དང་། བརྙན་ཐུང་དེ་ད་ལྟ་རྒྱ་ནག་ནང་བཀག་སྡོམ་བྱས་ཡོད་ཀྱང་ཕྱི་རྒྱལ་གྱི་སྤྱི་ཚོགས་དྲྭ་ལམ་ཁག་ཏུ་ད་དུང་ཡང་ལྟ་ཐུབ་ཀྱི་ཡོད་འདུག ལོ་ཁ་ཤས་ཀྱི་སྔོན་དུ་གཞོན་སྐྱེས་ཚོས་ཁང་པ་ཉོ་རྒྱུ་དང་ཁྱིམ་འཛིན་རྒྱུའི་ཆེད་ལས་ཀའི་གནོན་ཤུགས་དང་འགྲན་བསྡུར་ཆེ་དྲགས་པའི་དཀའ་ངལ་མང་དག་ཅིག་མྱོང་དགོས་བྱུང་བར་བརྟེན། གཞོན་སྐྱེས་མང་པོས་ལས་ཀ་ལས་རྒྱུ་དོར་ནས་ལེབ་ཉལ་(Lying flat) ་བྱས་ནས་ལས་འགུལ་ཞིག་སྤེལ་ཡོད་འདུག ད་ལྟའི་ཆར་གཞོན་སྐྱེས་ཚོ་ལས་མེད་དང་ཡོང་འབབ་བརྟན་པོ་མེད་མཁན་ཞིག་ཏུ་འགྱུར་བཞིན་ཡོད་འདུག་ལ། གཞོན་སྐྱེས་ཚོའི་ཁྲོད་དུ་དགའ་རོགས་སྒྲིག་འདོད་མེད་པ་དང་གཉེན་སྒྲིག་བྱེད་འདོད་མེད་པ། ཁྱིམ་ཚང་འཛིན་འདོད་མེད་པ་དང་ཁང་པ་ཉོ་འདོད་མེད་པ་བཅས་མེད་པ་བཞིའི་བསམ་བློ་འཁྱེར་མཁན་མང་དུ་འགྲོ་བཞིན་འདུག

རྒྱ་ནག་གི་ཀོང་ཀྲུག་གྲོང་ཁྱེར་གྱི་གུང་གཞོན་ཚོགས་པས་(Communist Youth League) ་མཐོ་རིམ་སློབ་གཉེར་བ་དང་ལས་ཀ་བྱེད་མཁན་གཞོན་སྐྱེས་གྲངས་༡༥༥༠༡ ལ་ཞིབ་འཇུག་བྱས་ནས་སྙན་ཐོ་ཞིག་བཏོན་ཡོད་པ་དང་། སྙན་ཐོ་དེའི་ནང་དུ་གཞོན་སྐྱེས་གྲངས་༡༢༡༥ དང་། ཡང་ན། གཞོན་སྐྱེས་བརྒྱ་ཆ་༨% ལ་མེད་པ་བཞི་ཡི་བསམ་བློ་ཡོད་པ་ར་སྤྲོད་བྱུང་ཡོད་པར་བརྟེན། གུང་གཞོན་ཚོགས་པས་སྤྱི་ཚོགས་ཀྱི་ཕྱོགས་སོ་སོས་གཞོན་སྐྱེས་ཚོའི་མེད་པ་བཞིའི་བསམ་བློ་དེ་ཡོད་པ་བཞི་ལ་སྒྱུར་ཐབས་བྱེད་དགོས་པའི་སྐུལ་མ་ཡང་བྱས་ཡོད་འདུག
རྒྱ་ནག་གི་རྒྱལ་ཡོངས་དབྱེ་འབྱེད་བསྡོམས་རྩིས་ལས་ཁུངས་ཀྱིས་བརྗོད་གསལ་ལྟར་ན། ལོ་འདིའི་ཕྱི་ཟླ་༥ པའི་ནང་རྒྱ་ནག་ཏུ་ལོ་ན་༡༦ ནས་༢༤ བར་གྱི་གཞོན་སྐྱེས་ལས་མེད་ཀྱི་བརྒྱ་ཆ་ནི་༢༠.༨% ཟིན་ཡོད་པ་མ་ཟད། ལོ་ན་༢༥ ནས་༥༩ བར་གྱི་ལས་མེད་ཀྱི་བརྒྱ་ཆ་ནི་༤.༡% ཟིན་ཡོད་འདུག ཡིན་ན་ཡང་། ཉམས་ཞིབ་པ་མང་པོས་རྒྱ་ནག་གཞུང་གིས་ཕྱིར་བསྒྲགས་བྱས་པའི་གཞོན་སྐྱེས་ལས་མེད་ཀྱི་གྲངས་འབོར་དང་དོན་དམ་གྱི་ན་གཞོན་ལས་མེད་ཀྱི་གྲངས་འབོར་བར་ཁྱད་པར་ཆེན་པོ་ཡོད་པའི་དོགས་པ་སློང་བཞིན་ཡོད་འདུག།ད་ལྟའི་ཆར་རྒྱ་ནག་ནང་གཞོན་སྐྱེས་ལས་མེད་ཀྱི་དཀའ་ངལ་དེ་ཞིན་ཅིང་ཕིང་གིས་འགོ་ཁྲིད་པའི་རྒྱ་ནག་དམར་ཤོག་ཚོགས་པའི་དཀའ་ངལ་ཞིག་ཀྱང་ཆགས་ཡོད་འདུག།
གསར་འགོད་པ་བློ་བཟང་རྒྱ་མཚོ།