རྒྱ་ནག་ནང་ཚོང་ལས་ཡར་རྒྱས་དང་དངུལ་ཁང་ཁག་གི་ཉེན་ཁ།
ཟླ་འདིའི་ཚེས་༡༨ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། རྒྱ་ནག་མི་མང་དངུལ་ཁང་གིས་བཏོན་པའི་བསམ་ཤོག་བསྡུ་ལེན་གྱིས། རྒྱ་ནག་ནང་བཟོ་གྲྭའི་ཐོན་རྫས་དང་སིལ་ཚོང་གཉིས་ཀྱི་ཁ་གྲངས་ཟླ་༨ པ་ལས་མང་བ་འཕར་ཡོད་འདུག་པས། རྒྱ་ནག་ནང་ལོ་གཅིག་གི་བཞི་ཆ་གསུམ་པར། ཚོང་པ་རྣམས་ཀྱི་ཚོང་ལས་ཐོག་གདེངས་ཚོད་བརྒྱ་ཆ་༥༡.༢ ལ་འཕར་ཡོད་འདུག་པ་དང་། དེ་ཡང་བཞི་ཆ་གཉིས་པ་ལས་བརྒྱ་ཆ་༢.༢ ཡི་འཕར་ཡོད་འདུག
དེ་བཞིན་རྒྱལ་སྤྱིའི་མ་དངུལ་ཐེབས་རྩ་ཁང་གིས་ལོ་འདིར་རྒྱ་ནག་གི་རྒྱལ་ཡོངས་ཐོན་སྐྱེད་རྩ་འབོར་དེ་བརྒྱ་ཆ་༦.༦ ཡི་འཕར་རྒྱུ་ཡིན་པའི་ཚོད་དཔག་བྱས་འདུག
དེ་བཞིན་རྒྱ་ནག་དབུས་དངུལ་ཁང་གིས་བཏོན་པའི་བསམ་ཤོག་བསྡུ་ལེན་གྱིས། རྒྱ་ནག་ནང་གི་དངུལ་ཁང་ལས་བྱེད་པ་མང་པོ་ཞིག་གི་གདེངས་ཚོད་འཕར་བཞིན་ཡོད་སྐོར་གྱི་གནས་ཚུལ་བཏོན་འདུག་ཀྱང་། ཟླ་འདིའི་ཚེས་༡༨ ཉིན་རྒྱལ་སྤྱིའི་དངུལ་ཁང་ཁག་གི་རྟོག་ཞིབ་ཁང་ཞིག་གིས་དེ་སྔོན་རྒྱ་ནག་ནང་དཔལ་འབྱོར་ཉམས་རྒུད་ཕྱིན་སྐབས། གཞུང་གིས་ཚོང་ལས་སྡེ་ཚན་དང་དངུལ་ཁང་ཁག་ལ་བུ་ལོན་འཕོན་ཆེན་གཡར་ཡོད་ཀྱང་། བུ་ལོན་ཨ་སྒོར་ཁྲག་ཁྲིག་ཆེན་པོ་༣.༣ ཙམ་ཞིག་བུ་ལོན་འཇལ་མི་ཐུབ་པའི་གནས་སྟངས་ལ་འགྱུར་ཉེན་ཡོད་འདུག་པ་དང་། ཕྱི་ལོ་༢༠༡༦ ལོའི་བཞི་ཆ་གཅིག་གི་ནང་རྒྱལ་ནང་གི་བུ་ལོན་དང་རྒྱལ་ཡོངས་ཐོན་སྐྱེད་རྩ་འབོར་གྱི་བསྡུར་ཚད་༣༠.༡ ཆགས་འདུག་པས། དངུལ་ཁང་ཁག་ལ་དཔལ་འབྱོར་གྱི་ཉེན་ཁ་ཆེན་པོ་ཡོད་པའི་ཉེན་བརྡ་བཏང་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།