རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་བསྐྱར་ཞིབ་ཚོགས་འདུའི་སྐབས་རྒྱལ་ཁབ་༢༠་ཡིས་བོད་དོན་གླེང་སློང་བྱས་འདུག

ཟླ་འདིའི་ཚེས་༢༤ ཉིན་བརྒྱུད་ལམ་ཁག་དང་ཁ་སང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་པའི་ཚོགས་འདུའི་སྐབས་ཀྱི་བརྙན་ལམ་བཅས་ཀྱི་གནས་ཚུལ་ལྟར་ན། རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་བསྐྱར་ཞིབ་ཐེངས་བཞི་པའི་སྐབས་སུ་བོད་དོན་གླེང་སློང་བྱེད་མཁན་རྒྱལ་ཁབ་༢༠ བྱུང་ཡོད་ཀྱང་། བོད་ཀྱི་ཁྱིམ་མཚེས་རྒྱལ་ཁབ་གཅིག་གིས་ཀྱང་གླེང་སློང་བྱས་མེད་པ་དང་། ཨེ་ཤེ་ཡའི་ཁྱོན་ཡོངས་ལ་བོད་དོན་གླེང་སློང་བྱེད་མཁན་རྒྱལ་ཁབ་གཉིས་མ་གཏོགས་བྱུང་མེད་པ་རེད་འདུག

ལོ་བཞི་དང་ལྔ་རེའི་མཚམས་སུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་ཚོའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་དུས་བཀག་བསྐྱར་ཞིབ་ཐེངས་རེ་བྱེད་ཀྱི་ཡོད་པ་བཞིན། ཟླ་འདིའི་ཚེས་༢༣ ཉིན་སུད་སིའི་གྲོང་ཁྱེར་ཇི་ནེ་ཝ་ལ་རྒྱལ་ཁབ་༡༦༡ ་གི་སྐུ་ཚབ་མཉམ་ཞུགས་ཐོག། རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་བསྐྱར་ཞིབ་ཐེངས་བཞི་པ་དེ་གནང་ཡོད་འདུག།

སྐབས་དེར་རྒྱལ་ཁབ་༡༦༡ གི་སྐུ་ཚབ་རེ་ལ་སྐར་ཆ་༤༥ ་ཡི་གཏམ་བཤད་གནང་བའི་གོ་སྐབས་སྤྲད་ཡོད་པའི་ཁྲོད། ཨ་རི་དང་ཁེ་ན་ཌ། དབྱིན་ཇི། འཇར་མན། ཨོ་སི་ཊོ་རི་ཡ། ཉི་ཧོང་། ཨོ་སི་ཊོ་ལི་ཡ། ཧྥ་རན་སི། ལི་ཐུ་ནི་ཡ། སི་ཝེ་ཌན།ནོར་ཝེ། སི་ཝ་ཛི་ལན་ཌི། པོ་ལན་ཌི། ཅེག་སྤྱི་མཐུན་རྒྱལ་ཁབ། ཧོ་ལན་ཌི། ཨར་ལན་ཌི། མོ་ཊེ་ནེ་གྷེ་རོ། ནེའུ་ཛེ་ལན་ཌི། ཨེ་སི་ཊོ་ནི་ཡ། ཌན་མག་བཅས་ཁྱོན་བསྡོམས་རྒྱལ་ཁབ་༢༠ ་ཡིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་སྐོར་གླེང་སློང་བྱས་ཡོད་འདུག་པ་དང་། པ་ཀི་སི་ཐན་གྱིས་རྒྱ་ནག་གི་སྤྱི་ཡོངས་ཡར་རྒྱས་སོགས་ལ་བསྔགས་བརྗོད་བྱས་པ་མ་ཟད། རྒྱལ་སྤྱིའི་དང་བོད་དང་ཤིན་ཅང་བར་གྱི་རིག་གཞུང་བརྗེ་ལེན་མུ་མཐུད་བྱེད་རོགས་ཞེས་བརྗོད་སོང་། ཕྱི་ལོ་༢༠༡༨ ་ལོ་རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་བསྐྱར་ཞིབ་ཐེངས་གསུམ་པ་དེ་བྱེད་སྐབས། རྒྱལ་ཁབ་༡༢ ་ཡིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་སྐོར་གླེང་སློང་བྱས་ཡོད་པ་དང་བསྡུར་ན། བོད་དོན་གླེང་སློང་བྱེད་མཁན་ལྡབ་གཅིག་མ་ཟིན་ཙམ་འཕར་ཡོད་འདུག

རྒྱལ་ཁབ་༢༠ ཡིས་བོད་ནང་གི་བོད་མི་ཚོའི་ཆོས་དང་རིག་གཞུང་གི་ཐོབ་ཐང་གླེང་སློང་དང་། རྒྱ་ནག་གཞུང་གིས་བོད་ཕྲུག་ས་ཡ་གཅིག་ལྷག་བོད་ཀྱི་ཆོས་དང་རིག་གཞུང་། ཁྱིམ་ཚང་དང་སྐད་ཡིག་བཅས་ནས་ལོགས་སུ་ཕྱེས་ནས་གཏན་འཇགས་སློབ་གྲྭ་ལ་བཏང་ཡོད་པ་གསལ་སྟོན་གྱིས་ནན་བརྗོད་བྱས་ཡོད་པ་མ་ཟད། བོད་ནང་གཏན་འཇགས་སློབ་གྲྭ་སྒོ་རྒྱག་དགོས་པ་དང་ཁྲིམས་མེད་ལུགས་མེད་ཀྱིས་བཀག་ཉར་བྱས་པའི་བོད་མི་ཚོ་གློད་བཀྲོལ་གཏོང་རྒྱུའི་རེ་བ་ཞུས་ཡོད་འདུག དེ་བཞིན་རྒྱ་ནག་གཞུང་གིས་ཕྱི་རྒྱལ་གྱི་ཕྱི་འབྲེལ་དཔོན་རིགས་དང་གསར་འགོད་པ་ཚོ་བོད་དུ་བསྐྱོད་རྒྱུར་བཀག་འགོག་བྱས་ཡོད་པར་བརྟེན། དེ་ཚོ་ལ་བཀག་སྡོམ་མེད་པར་བོད་དུ་བསྐྱོད་རྒྱུའི་རེ་བ་བཏོན་ཡོད་འདུག

རྒྱ་ནག་གཞུང་གིས་གཏན་འཇགས་སློབ་གྲྭའི་གནད་དོན་ལ་ལན་འདེབས་བྱས་མེད་པ་མ་ཟད། དགོན་སྡེ་དང་ཆོས་ལུགས་མི་སྣའམ་དགེ་རྒན་གྱི་གྲངས་འབོར་འགའ་ལུང་འདྲེན་བྱས་ནས་བོད་མི་རྣམས་ཀྱི་ཆོས་ལུགས་རང་དབང་དང་རིག་གཞུང་གི་ཐོབ་ཐང་ལ་སྲུང་སྐྱོབ་བྱས་ཡོད་ཅེས་བརྗོད་འདུག

མཉམ་འབྲེལ་རྒྱལ་ཚོགས་ནང་རྒྱལ་ཁབ་ཁྱོན་བསྡོམ་༡༩༣ ཡོད་པའི་ནང་ནས་རྒྱལ་ཁབ་༡༦༡ ་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་བསྐྱར་ཞིབ་གནང་སྐབས་མཉམ་ཞུགས་བྱས་ཡོད་པ་དང་། རྒྱལ་ཁག་༢༠ ཡིས་ཚོགས་ཐོག་ཏུ་བོད་དོན་གླེང་སློང་བྱས་ཡོད་འདུག ཐེངས་འདིའི་ཚོགས་ཐོག་ཏུ་བོད་དོན་གླེང་སློང་བྱེད་མཁན་ཉི་ཧོང་དང་ལི་ཐུ་ནི་ཡ་(Lithuania) བཅས་ཨེ་ཤེ་ཡའི་རྒྱལ་ཁབ་གཉིས་ཀྱིས་མ་གཏོགས་བྱུང་མེད་པ་མ་ཟད། བོད་དོན་གླེང་སློང་བྱེད་མཁན་བོད་ཀྱི་ཁྱིམ་མཚེས་རྒྱལ་ཁབ་གཅིག་ཀྱང་བྱུང་མེད་པ་རེད་འདུག།ཐེངས་འདིར་རྒྱ་མིའི་སྐུ་ཚབ་ཀྱིས་བོད་ལ་(Xizang) ་ཤིས་ཙང་ཞེས་ག་ཚོད་བོས་ཀྱང་རྒྱལ་ཁབ་གཞན་ནས་(Tibet) ་ཊི་བྷེ་ཊི་ཞེས་ཡོངས་གྲགས་སུ་བེད་སྤྱོད་བྱས་པ་ལས་ཤིས་ཙང་ཟེར་མཁན་གཅིག་ཀྱང་བྱུང་མ་སོང་།

གསར་འགོད་པ། བློ་བཟང་རྒྱ་མཚོ།