རྒྱ་ནག་ནང་ལས་མི་ཉུང་དུ་ཕྱིན་ནས་རྒས་ཡོལ་ཞུ་དུས་ཀྱི་ལོ་ཚད་མཐོ་རུ་གཏོང་རྒྱུ་ཡིན་འདུག 

བྷི་བྷི་སི་གསར་ཁང་གི་པར།

རྒྱ་ནག་ནང་མི་འབོར་སྐྱེས་འཕེལ་ཉུང་དུ་འགྲོ་བཞིན་ཡོད་འདུག་པའི་རྐྱེན་གྱིས་སྤྱི་ཚོགས་ནང་ན་གཞོན་ལས་ཀ་བྱེད་མཁན་ཉུང་དུ་འགྲོ་བཞིན་ཡོད་འདུག ལས་མི་ཉུང་དུ་མི་འགྲོ་བའི་ཆེད་དུ་རྒས་ཡོལ་ཞུ་དུས་ཀྱི་ལོ་ཚད་དེ་མཐོ་རུ་གཏོང་རྒྱུ་ཡིན་འདུག 

ཕྱི་ཚེས་༢༣ ཉིན་བྷི་བྷི་སི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། འབྱུང་འགྱུར་ལོ་ལྔའི་ནང་རྒྱ་ནག་གི་རྒན་ཡོལ་ཞུ་དུས་ཀྱི་ལོ་ཚད་དེ་མཐོ་རུ་བཏང་ནས། རྒས་ཕོགས་སྤྲོད་དགོས་མཁན་གྱི་མི་འབོར་དེ་ཇེ་ཉུང་དུ་གཏོང་ཐབས་བྱེད་རྒྱུ་ཡིན་འདུག་པ་དང་། དེའི་རྒྱུ་མཚན་ནི་རྒྱ་ནག་ནང་མི་འབོར་སྐྱེས་གྲངས་དེ་ལོ་རེ་ནས་ཉུང་དུ་འགྲོ་བཞིན་ཡོད་པའི་རྐྱེན་གྱིས་ཡིན་འདུག དེ་བཞིན་རྒྱ་ནག་གི་མི་འབོར་ཁྲོད་སྤྱི་ཡོངས་ཀྱི་ཚེ་ཐག་རིང་ཐུང་གི་དུས་ཡུན་དེ་ལོ་༧༨ ཡིན་འདུག་པ་དང་། ཨ་རི་ལས་མཐོ་བ་ཆགས་ཡོད་འདུག ཕྱོགས་གཞན་ཞིག་ནི་རྒྱ་ནག་གི་མི་འབོར་ཁྲོད་ད་བར་རྒན་ཡོལ་ཞུ་དུས་ཀྱི་ལོ་ཚད་དེ། སྐྱེས་པ་ལོ་༦༠ དང་བུད་མེད་ལོ་༥༥ ཡིན་འདུག་པས་རྒྱལ་ཁབ་གཞན་དང་བསྡུར་ན་དམའ་བ་ཡོད་འདུག རྒལ་ཡོལ་ཞུ་དུས་ཀྱི་ལོ་ཚད་མཐོ་རུ་གཏོང་རྒྱུའི་འཆར་གཞི་དེ་བདུན་ཕྲག་སྔོན་མའི་ནང་ཏང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་ཟེར་བའི་ཐོག་གྲོས་བསྡུར་བྱུང་ཡོད་འདུག
ཕྱི་ལོ་༢༠༢༣ ལོར་རྒྱ་ནག་གཞུང་གི་རྒས་ཕོགས་ཡར་རྒྱས་ལྷན་ཁང་ཟེར་བ་དེས་སྙན་ཐོ་ཞིག་བཏོན་ཡོད་འདུག་པ་དང་། སྙན་ཐོ་དེའི་ནང་རྒས་ཡོལ་གྱི་ལོ་ཚད་དེ་རང་ལོ་༦༥ བཞག་ན་ཡག་པོ་ཡོད་ཚུལ་བརྗོད་འདུག འོན་ཀྱང་། ཉེ་ཆར་གྲོས་ཚོགས་ཀྱི་ཚོགས་འདུའི་སྐབས་སུ་རྒས་ཡོལ་གྱི་ལོ་ཚད་དང་ག་དུས་འགོ་འཛུགས་བྱེད་རྒྱུ་ཡིན་མིན་ཁ་གསལ་བརྗོད་ཡོད་མི་འདུག་ཀྱང་། ལོ་ཚད་མཐོ་རུ་གཏོང་རྒྱུའི་ཐག་གཅོད་བྱུང་ཡོད་འདུག རྒྱ་ནག་གི་འཛིན་སྐྱོང་འོག་ཡོད་པའི་སྤྱི་ཚོགས་ཚན་རིག་གི་མཐོ་སློབ་ཅིག་གིས་སྤྱི་ལོ་༢༠༡༩ ལོར་རྒས་ཕོགས་དང་མི་འབོར་སྐོར་ཉམས་ཞིབ་བྱེད་དུས། ཕྱི་ལོ་༢༠༣༥ ལོར་རྒྱ་ནག་གཞུང་གིས་རྒས་ཕོགས་སྤྲོད་མི་ཐུབ་པ་ཆགས་རྒྱུ་ཡིན་པར་བརྗོད་ཡོད་འདུག
རྒྱུ་མཚན་ནི་རྒྱ་ནག་ནང་མི་འབོར་འཕེལ་རྒྱས་ཉུང་དུ་འགྲོ་བཞིན་ཡོད་པ་དང་། དེ་རྗེས་ཏོག་དབྱིབས་ནད་ཡམས་ཀྱིས་རྒྱ་ནག་གི་དཔལ་འབྱོར་ལ་དོ་ཕོག་ཆེན་པོ་བཏང་ཡོད་པར་བརྟེན། མ་འོངས་པར་རྒྱ་ནག་གི་དཔལ་འབྱོར་གྱི་དཀའ་ངལ་དང་ཕྲུ་གུ་སྐྱེས་གྲངས་ལོ་རེ་ནས་ལོ་རེར་ཉུང་དུ་དང་། ལས་མིའི་གྲངས་ཀ་ཉུང་དུ་ཕྱིན་ནས་རྒས་ཡོལ་ཞུ་མཁན་རྣམས་ལ་རྒས་ཕོགས་སྤྲོད་རྒྱུ་ཁག་པོ་ཆགས་རྒྱུ་ཡིན་འདུག ད་ཆར་རྒྱ་ནག་ནང་རྒས་ཡོལ་ཞུ་དུས་ཀྱི་ལོ་ཚད་མཐོ་རུ་གཏོང་རྒྱུའི་ཐད་མི་མང་ནང་མི་འདོད་པའི་རྣམ་འགྱུར་སྟོན་མཁན་མང་པོ་ཡོད་འདུག རྒྱུ་མཚན་ནི་རྒས་ཡོལ་གྱི་ལོ་ཚད་མཐོ་རུ་བཏང་ན། མི་ཞིག་རང་ཉིད་ཀྱི་གཟུགས་པོའི་གནས་སྟངས་ཀྱིས་ལས་ཀ་བྱེད་མི་ཐུབ་ཀྱང་ལས་ཀ་འགྲོ་དགོས་པ་དང་། རྒས་ཕོགས་རག་རྒྱུའི་དུས་ཡུན་ཕར་འགྱང་བྱེད་ཀྱི་ཡོད་པས། མི་མང་ཁྲོད་དཀའ་ངལ་ཞིག་ཆགས་ཀྱི་ཡོད་འདུག 
རྒས་ཡོལ་ཞུ་དུས་ཀྱི་ལོ་ཚད་མཐོ་རུ་གཏོང་དགོས་དོན་ནི་རྒྱ་ནག་ནང་ལས་མི་ཉུང་དུ་ཕྱིན་པ་དང་། ལོ་སྔོན་མ་ནི་རྒྱ་ནག་གི་ལོ་རྒྱུས་ཁྲོད་ཕྲུ་གུ་སྐྱེས་ཚད་ཀྱི་གྲངས་ཀ་ཆེས་ཉུང་ཤོས་དེ་ཡིན་འདུག་ལ། མ་འོངས་པར་ལས་ཀ་བྱེད་མཁན་གྱི་གྲངས་འབོར་ཉུང་དུ་འགྲོ་རྒྱུ་ཡིན་འདུག་པར་བརྟེན། ལས་མི་ཉུང་དུ་མི་འགྱུར་བའི་ཆེད་དུ་རྒས་ཡོལ་ཞུ་དུས་ཀྱི་ལོ་ཚད་མཐོ་རུ་བཏང་ནས་དཔལ་འབྱོར་འཕེལ་རྒྱས་ཐད་ཉམས་རྒུད་མི་འགྲོ་བའི་ཐབས་ཤེས་ཡིན་འདུག

གསར་འགོད་པ། བསོད་ནམས་ཕུན་ཚོགས།