རྒྱ་ནག་ནང་ལོ་སྔོན་མ་གཅིག་པུར་ཨེ་ཙིའི་ནད་པ་ཁྲི་༡༡ འཕར་ཡོད་པར་བརྗོད་འདུག

ད་ཆར་བོད་ནང་གི་མི་སྒེར་བརྒྱུད་ལམ་ཁག་ནས་ཨེ་ཙིའི་ན་ཚར་གཟབ་ནན་དགོས་པའི་འབོད་སྐུལ་གནང་མཁན་མང་པོ་ཞིག་འདུག་ལ། ཁོང་ཚོས་སྤྱིར་བོད་ཀྱི་མི་འབོར་ཉུང་ཉུང་ཡིན་པས་ན་ཚ་འདིར་གཟབ་གཟབ་མ་བྱས་ཚེ་ད་ཞག་ཉེན་ཁ་ཆེན་པོ་ཡོད་པར་རྗོད་ཀྱི་འདུག
སྔ་ལོའི་ཕྱི་ཟླ་༦ པའི་ཚེས་༣༠་ཉིན་རྒྱ་ནག་གསར་འགྱུར་བརྒྱུད་ལམ་ཁག་ཏུ། རྒྱ་ནག་གི་ནང་ཨེ་ཙིའི་ནད་པ་དེ་ཚད་ལས་བརྒལ་བ་ཞིག་མང་དུ་འགྲོ་བཞིན་པར་བརྗོད་པ་དང་། སྐབས་དེར་ནད་པ་ཁྲི་༡༢༤ ཙམ་ཡོད་པ་དང་། ནད་དེས་གྲོངས་ཟིན་པའི་ནད་པ་ཁྲི་༤༧ལྷག་ཡོད་པར་བརྗོད་འདུག་ལ། ལོ་སྔོན་མའི་ཕྱི་ཟླ་༡༢་ཚེས་༡ ཉིན་ནད་པའི་ཁ་གྲངས་ཁྲི་༡༢༣་དང་དགུ་སྟོང་བར་འཕར་ཏེ། ལོ་གཅིག་རིང་ཨེ་ཙིའི་ནད་པ་ཁྲི་༡༡ ཙམ་ཇེ་མང་དུ་སོང་ཡོད་པར་བརྗོད། དེའི་ནང་ནས་སི་ཁྲོན་ནས་ནད་པ་ཁྲི་༡༧ ཡས་མས་ཐོན་ཏེ་ཨེ་ཙིའི་ནད་པ་ཆེས་མང་ཤོས་ཀྱི་ས་ཁུལ་ཡིན་ཞིང་། མི་སྟོང་རེའི་ནང་དུ་ནད་པ་རེ་ཡོད་པ་དང་། ད་དུང་ལྐོག་ཏུ་གབ་པའི་ནད་པ་མང་པོ་ཞིག་ཤེས་རྟོགས་བྱུང་མེད་པར་བརྗོད།

ཨེ་ཙིའི་ནད་ནི་འདི་ལ་འདུག་དང་འདི་ལ་མི་འདུག་ཅེས་ཤོད་མི་ཤེས་པའི་ངང་ནས་ཕན་ཚུན་འགོ་ཡི་ཡོད་འདུག་པས། བོད་པའི་ན་གཞོན་ཞིག་གིས་བོད་མི་རིགས་ལ་མཚོན་ན་མི་འབོར་ཧ་ཅང་ཉུང་ཞིང་། མཁན་པོ་ཚུལ་ཁྲིམས་བློ་གྲོས་ནས་འདིའི་ཐད་གལ་ཆེན་པོ་གནང་བ་དེ་ལ་དོན་སྙིང་ཡོད་པ་ཞིག་ཡིན་པས་ཚང་མས་གཟབ་གཟབ་དགོས་པའི་འབོད་སྐུལ་གནང་བཞིན་འདུག ཉེ་སྔོན་རྒྱ་རིགས་སློབ་ཆེན་བུ་མོ་ཞིག་གིས་རང་ཉིད་ལ་ན་ཚ་ཡོད་པ་ཤེས་རྗེས་སེམས་སྡུག་གིས་སྤྱི་ཚོགས་ལ་ངན་ལན་སློག་ཕྱིར། མི་༣༤༠ ཡས་མས་ཤིག་ལ་ན་ཚ་བསྐུས་ཡོད་པར་བརྗོད་འདུག་ལ། ནམ་རྒྱུན་ནས་རྒྱ་མི་མང་པོ་ཞིག་བོད་དུ་ཡོང་དང་ཡོང་བཞིན་པ་དང་། གཞན་ཡང་ད་ལྟའི་ཆར་བོད་པའི་སློབ་ཆེན་སློབ་མ་དང་དེ་བཞིན་དྲྭ་ཚོང་རྒྱག་མཁན་སོགས་མང་པོ་ཞིག་སློབ་སྦྱོང་དང་ཚོང་གི་ཆེད་དུ་རྒྱ་ནག་ཏུ་འགྲོ་དགོས་པས་གཟབ་གཟབ་མ་བྱས་ན་ཉེན་ཁ་ཆེན་པོ་ཡོད་པ་དང་། གཞན་ཡང་ཉེ་ཆར་བོད་ནང་དུའང་ན་ཚ་དེ་མང་པོ་ཁྱབ་ཡོད་པར་རྗོད་མཁན་ཡང་འདུག་ལ། རྒྱ་ནག་གི་གྲོང་ཁྱེར་ཁག་ནང་གི་ནད་པའི་བརྒྱ་ཆ་ཞིག་གསལ་འདོན་བྱས་ཡོད་པ་དང་དེ་དང་མཉམ་དུ་བོད་ནང་གི་ནད་པའི་གྲངས་ཤིག་བཏོན་པའི་ནང་བརྒྱ་ཆ་༡ ་༥༤ ཟིན་འདུག དེ་བཞིན་བོད་ནང་དུ་བརྒྱ་ཆ་༡་༥༤ ཟིན་པ་དེ་ཉུང་ཉུང་མ་ཡིན་པར་གྲངས་མང་པོ་ཡིན་པ་ཉེ་སྔོན་བོད་ནང་གི་མི་ཞིག་གིས་བརྗོད་འདུག ཨེ་ཙིའི་ན་ཚ་དེ་ནི་ཕོ་མོའི་ལུས་འབྲེལ། ཁྲག་རྣག་ཆུ་སེར་བཅས། ནད་དུག་ཡོད་པའི་མ་ལས་བུ་ལ་འགོ་བ་བཅས་གཙོ་བོ་བརྒྱུད་ལམ་གསུམ་གྱི་ཐོག་ནས་འགོ་གི་ཡོད་འདུག
གསར་འགོད་པ། བསྟན་འཛིན་ལམ་བཟང་།