རྒྱ་ནག་ནང་ལྐོག་ས་རུལ་སུངས་དང་ཁྲིམས་འགལ་གྱི་དེབ་བཀླགས་ཡོད་ཚུལ་གྱི་ཉེས་མིང་འོག་འགོ་ཁྲིད་འདྲ་མིན་འཛིན་བཟུང་།

རྒྱ་ནག་གི་ལྐོག་ཟ་རུལ་སུངས་འགོག་རྒོལ་ལས་ཁུངས་ཀྱིས་སྐབས་གཅིག་ལ་མི་མང་ཁྲོད་མིང་གྲགས་ཡོད་མཁན་དང་ཕྱིས་སུ་ལྐོག་ཟ་རུལ་སུངས་ཀྱི་རྩོད་རྙོག་ཁྲོད་མིང་གྲགས་ཉམས་པའི་གཞུང་ཞབས་པ་རྣམས་ལ། ཆབ་སྲིད་ཀྱི་དཀའ་རྙོག་ཚབས་ཆེན་ཡོད་པའི་དཔེ་དེབ་བཀླགས་པའི་ཉེས་པ་འཛུགས་རྒྱུ་མང་དུ་འགྲོ་བཞིན་ཡོད་འདུག་ལ། དེ་ནི་ལས་ཁུངས་དེས་ཏང་མི་ཚོ་ཏང་ལ་དམ་ཚིག་མེད་པའི་དཔང་རྟགས་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་འདུག
ཕྱི་ཚེས་༧ ཉིན་ལྷོ་རྒྱ་ནག་ཞོགས་པའི་ཆ་འཕྲིན་གྱིས་གནས་ཚུལ་སྤེལ་གསལ་ལྟར་ན། རྒྱ་ནག་གི་ལྐོག་ཟ་རུལ་སུངས་འགོག་རྒོལ་ལས་ཁུངས་ཀྱིས་སྐབས་ཤིག་ལ་གཞུང་ཞབས་པའི་ཁྲོད་དུ་མིང་གྲགས་ཡོད་ཅིང་། ཕྱིས་སུ་ཆབ་སྲིད་ཀྱི་རྩོད་རྙོག་དང་ལྐོག་ཟ་རུལ་སུངས། རྒྱ་ནག་ནང་ཁྲིམས་འགལ་ཡིན་པའི་དཔེ་དེབ་བཀླགས་པའི་ཉེས་མིང་འོག་འགོ་ཁྲིད་འདྲ་མིན་འཛིན་བཟུང་དང་ཏང་ནས་ཕྱིར་འབུད་བྱེད་ཀྱི་ཡོད་འདུག འཛིན་བཟུང་བྱས་པའི་འགོ་ཁྲིད་ཁྲོད་ནས་(Li Bin)་ལི་བིན་ཟེར་བ་ཞིག་ཡོད་འདུག་པ་དང་། ཁོ་ནི་(Heilongjiang)ཧེ་ལུང་ཅང་ཞིང་ཆེན་གྱི་བྱང་ཤར་ཕྱོགས་སུ་ཡོད་པའི་(Mudanjiang)མུ་ཏན་ཅང་གྲོང་ཁྱེར་གྱི་མི་དམངས་འཐུས་མི་ཚོགས་ཆེན་གྱི་འགན་འཛིན་གཞོན་པ་ཟུར་པ་ཞིག་ཡིན་འདུག་ལ། ཟླ་བ་སྔོན་མའི་ཟླ་མཇུག་ཏུ་ཁོ་ལ་ལྐོག་ཟ་རུལ་སུངས་ཀྱི་དོགས་པ་བྱས་ཏེ་གུང་ཁྲན་ཏང་ནས་ཕྱིར་འབུད་བཏང་ཡོད་འདུག
འགོ་ཁྲིད་དེ་ལ་ལྐོག་ས་རུལ་སུངས་ཀྱི་སྐྱོན་འཛུགས་མ་བྱས་སྔོན་དུ། གྲོང་ཁྱེར་གྱི་ལྐོག་ཟ་རུལ་སུངས་ཞིབ་བཤེར་བ་རྣམས་ཀྱིས་མི་མང་ཁྲོད་འགོ་ཁྲིད་ལི་བིན་གྱིས་ཁྲིམས་འགལ་ཐོག་དཔར་སྐྲུན་བྱས་པའི་དཔེ་དེབ་བཀླགས་པ་དང་། དཔེ་དེབ་དེ་དག་གིས་ཏང་གི་མཐུན་སྒྲིལ་ལ་གནོད་སྐྱོན་གཏོང་སྲིད་པའི་སྐྱོན་འཛུགས་བྱས་ཡོད་འདུག
དེ་བཞིན་ཉེ་ཆར་རང་ལོ་ ༦༡ ཡིན་པའི་(Chongqing)ཁྲུང་ཆིང་གྲོང་ཁྱེར་གྱི་(Jiangjin)ཅང་ཅིན་ཆུས་རྫོང་གི་ཆབ་སྲིད་དྲུང་ཆེ་ཟུར་པ་(Cheng Zhiyi)ཁྲེང་ཀྲི་ཡིས་ལའང་བཀག་སྡོམ་བྱས་པའི་དེབ་བདག་ཉར་བྱས་པ་དང་བཀླགས་པའི་ཉེས་འཛུགས་བྱས་ཡོད་འདུག གྲོང་ཁྱེར་དེའི་ལྐོག་ཟ་རུལ་སུངས་ཞིབ་བཤེར་བ་ཚོས་མི་དེའི་ནོར་འཁྲུལ་སྐོར་གྱི་གསལ་བསྒྲགས་ཤིག་སྤེལ་ཡོད་འདུག་པ་དང་། དེའི་ནང་ཁོ་ལ་ཆབ་སྲིད་ཀྱི་རྩོད་རྙོག་ཚབས་ཆེན་ཡོད་པའི་ཕྱི་རྒྱལ་གྱི་དེབ་དང་། དུས་དེབ་བཀླགས་པའི་ཉེས་འཛུགས་བྱས་ཡོད་འདུག། ཁྲེང་དང་ལི་གཉིས་ནི་རྒྱ་ནག་གི་གཞུང་ཞབས་ཁྲོད་ནས་མིང་གྲགས་ཉམས་ཏེ་ཁྲིམས་འགལ་ཡིན་པའི་དེབ་དང་དུས་དེབ་ཀློག་མཁན་ཁོངས་སུ་གཏོགས་ཡོད་འདུག
ཞིབ་བཤེར་བ་ཚོས་གཞུང་ཞབས་པ་འདི་དག་གི་ལག་ཏུ་རྙེད་ཡོད་ཚུལ་བཤད་པའི་དེབ་དེ་དག་གི་མིང་བཤད་མེད་པ་ཡིན་འདུག་ཀྱང་། སྤྱིར་བཏང་ཉེས་འཛུགས་བྱས་པའི་མི་སྣ་དེ་དག་གིས་རྒྱ་ནག་སྐམ་ས་ཆེན་མོའི་ཕྱི་རོལ་དུ་དཔར་སྐྲུན་བྱས་ཤིང་རྒྱལ་མཚམས་བརྒལ་ནས་དབོར་འདྲེན་བྱས་པའི་ཆབ་སྲིད་ཀྱི་དཔེ་དེབ་བཀླགས་པར་གོ་བ་ཡིན་འདུག
སྤྱིར་བཏང་བཀག་སྡོམ་བྱས་པའི་དཔེ་དེབ་ཟེར་བ་ནི་འདས་པའི་ལོ་རྒྱུས་ཁྲོད་གུང་ཁྲན་ཏང་གི་ཚབས་ཆེན་གྱི་བྱ་སྤྱོད་དག་ལ་ཞིབ་མཇུག་གཏིང་ཟབ་བྱས་ནས་བྲིས་པའི་དེབ་དང་རྩོམ་སོགས་ལ་གོ་བ་ཡིན་འདུག་ལ། དེ་བཞིན་གུང་ཁྲན་ཏང་དང་དེའི་འགོ་ཁྲིད་རྣམས་ཀྱིས་ནང་ཁུལ་འཐབ་རྩོད་སྐོར་གཏམ་རྒྱུད་དང་། རྒྱ་ནག་གི་ནང་འཁྲུག ཕྱི་ལོ་༡༩༥༠ ལོའི་གཡས་ཕྱོགས་ལ་ངོ་རྒོལ་ལས་འགུལ། མདུན་མཆོང་ཆེན་མོ། ལོ་གསུམ་གྱི་དཀའ་ངལ་དང་མུ་གེ། རིག་གནས་གསར་བརྗེ། ཕྱི་ལོ་༡༩༨༩ ལོའི་གནམ་བདེ་སྒོ་མོ་ཆེའི་དོན་རྐྱེན་བཅས་ཀྱི་སྐོར་གྱི་དཔེ་དེབ་ཚུད་ཀྱི་ཡོད་འདུག བརྗོད་གཞི་འདི་དག་དང་གཞན་པའི་སྐོར་གྱི་དཔར་སྐྲུན་བྱས་པའི་དངོས་པོ་རྣམས་རྒྱ་ནག་གི་དབང་འཛིན་པས་བཀག་སྡོམ་བྱས་ཡོད་འདུག་པ་དང་། དེ་དག་རྒྱལ་མཚམས་བརྒལ་ནས་དབོར་འདྲེན་བྱེད་པ་ནི་རྒྱ་ནག་གི་སྒྲིག་གཞི་དང་འགལ་བར་བརྗོད་འདུག
ཕྱི་ལོ་༢༠༢༡ ལོའི་རྒྱ་ནག་ནང་ཁྲིམས་འགལ་ཡིན་པའི་ཡིག་ཆ་དང་དངོས་པོ་རྣམས་གཞུང་གིས་འགྲེལ་བཤད་བྱས་ཡོད་འདུག་པ་དང་། དེ་དག་གི་ཁོངས་སུ་དཔར་སྐྲུན་བྱས་པའི་དངོས་པོ། གློག་བརྙན། པར་རིས། སྒྲ་འཛིན་འཁོར་ཐག་དང་བརྙན་འཕྲིན་གྱི་འཁོར་ཐག གློག་ཀླད་ཉར་ཚགས་བྱེད་པའི་བརྒྱུད་ལམ་བཅས་རྒྱ་ནག་གི་ཆབ་སྲིད་དང་། དཔལ་འབྱོར། རིག་གནས། བཟང་སྤྱོད་ལ་གནོད་པ་བཟོ་བའི་རིགས་བཅས་ཚུད་ཡོད་འདུག ལྷོ་རྒྱ་ནག་ཞོགས་པའི་ཆ་འཕྲིན་གྱིས་བརྗོད་དོན་ལ། ལོ་འདིའི་ནང་བཀག་སྡོམ་བྱས་པའི་དེབ་བཀླགས་པའི་ཉེས་འཛུགས་ནི། ཉུང་མཐར་ཡང་ལྐོག་ཟ་རུལ་སུངས་ཀྱི་གནད་དོན་བཅུ་གཉིས་ཙམ་གྱི་སྙན་ཐོའི་ནང་ཐོན་ཡོད། དེ་ནི་ན་ནིང་ལོའི་ཉེས་འཛུགས་བདུན་ཙམ་ལས་མང་བ་ཡིན་འདུག འདི་ལོའི་ནང་ཉུང་མཐར་ཡང་ཞིང་ཆེན་གཞན་ལྔའི་ནང་ལྐོག་ཟ་རུལ་སུངས་འགོག་རྒོལ་ལས་ཁུངས་ཀྱིས་འགོ་ཁྲིད་འདྲ་མིན་ལ་དེ་དང་འདྲ་བའི་ཉེས་འཛུགས་བྱས་ཡོད་འདུག
ལས་བྱེད་སྦྱོང་བརྡར་གཏོང་སའི་ཏང་གི་སློབ་གྲྭའི་ཚགས་པར་(Study Times)སློབ་སྦྱོང་དུས་དེབ་ཀྱི་རྩོམ་སྒྲིག་པ་གཞོན་པ་ཟུར་པ་(Deng Yuwen)ཏིང་ཡུ་ཝིན་གྱིས་བཤད་དོན་ལ། ཏང་ནང་ཁུལ་དུ་གནད་དོན་ཚབས་ཆེན་ཡིན་པའི་ཡིག་ཆ་འགའ་ཞིག་བཀླགས་པ་དང་བརྒྱུད་སྤེལ་བྱེད་པ་ནི་སྤྱིར་བཏང་གི་གནས་ཚུལ་ཞིག་རེད། དེ་ནི་མའོ་ཙེ་ཏུང་གི་དུས་སྐབས་སུའང་བཀག་འགོག་བྱེད་མི་ཐུབ་པ་ཞིག་ཡིན་པ་དང་། གལ་སྲིད་ཁོང་ཚོར་སྒྲིག་ལམ་ཞིབ་བཤེར་མ་བྱས་པ་ཡིན་ན་དེ་ནི་གནད་འགག་ཆེན་པོ་ཞིག་མིན། འོན་ཀྱང་ལྐོག་ཟ་རུལ་སུངས་ལྟ་རྟོག་བྱེད་མཁན་ལས་ཁུངས་(the top watchdog)ཁོང་ཚོར་རྙེད་པའི་སྐབས་སུ་དམ་ཚིག་མེད་པའི་དཔང་རྟགས་གལ་ཆེན་ཞིག་ཏུ་འགྱུར་སྲིད་ཅེས་བཤད་འདུག
ཕྱི་ཟླ་ ༩ ཚེས་ ༡༢ ཉིན་རྒྱ་ནག་གི་ཆེས་མཐོའི་ཆབ་སྲིད་སྒྲིག་ལམ་དང་ལྐོག་ཟ་རུལ་སུངས་འགོག་པའི་ལས་ཁུངས། དབུས་སྒྲིག་ཁྲིམས་ཞིབ་བཤེར་ལྷན་ཁང་(CCDI)གིས་སྤེལ་བའི་བསྒྲགས་གཏམ་ལྟར་ན། ཡུན་ནན་ཞིང་ཆེན་གྱི་སྤྱི་ཁྱབ་གཞོན་པ་ཟུར་པ་(Zhang Zulin)ཀྲང་ཙུའུ་ལིན་ལ་བཀག་སྡོམ་བྱས་པའི་དེབ་བདག་ཉར་བྱས་པ་དང་བཀླགས་པའི་ཉེས་འཛུགས་བྱས་འདུག
རང་ལོ་ ༦༥ ཡིན་པའི་རྒས་ཡོལ་སོང་བའི་ཀྲང་ལ་ཆབ་སྲིད་ཀྱི་ལྟ་བ་དང་རེ་བ་བརླག་པ། ཆབ་སྲིད་ཀྱི་ཚོགས་པ་བཙུགས་པ། དེ་བཞིན་སྒེར་དུ་ཆབ་སྲིད་ཀྱི་དཀའ་རྙོག་ཚབས་ཆེན་ཡོད་པའི་དེབ་དང་། དུས་དེབ། སྒྲ་བརྙན་གྱི་ཐོན་རྫས་བཅས་བདག་ཉར་བྱས་པ་དང་བཀླགས་པའི་ཉེས་འཛུགས་བྱས་པ་དང་།
དེ་བཞིན་ཀྲང་ཟེར་བ་དེ་ཏང་གི་ཁོངས་མི་ནས་ཕྱིར་འབུད་གཏོང་རྒྱུ་དང་ཁྲིམས་ཁང་ལ་རྩིས་སྤྲོད་ཀྱིས་ཁྲིམས་གཅོད་བྱ་རྒྱུ་ཡིན་པའང་གསལ་བསྒྲགས་བྱས་ཡོད་འདུག
གཞན་ཡང་ཉེ་ཆར་(Jiangxi)ཅང་ཞིས་ཞིང་ཆེན་གྱི་ལྐོག་ཟ་རུལ་སུངས་འགོག་པའི་ལས་ཁུངས་ཀྱིས་ཅང་ཞིས(At Jiangxi Financial holding Group) དངུལ་རྩའི་འཛིན་སྐྱོང་འགན་འཛིན་ཟུར་པ་(Gan Chengjiu)ཀན་ཁྲེན་ཅིའུ་ལ་ལོག་སྤྱོད་པའི་དེབ་རྒྱལ་ནང་དུ་དབོར་འདྲེན་བྱས་པ་དང་སྒེར་དུ་བཀླགས་པའི་ཉེས་འཛུགས་བྱས་ཡོད་འདུག་པ་མ་ཟད། ཆབ་སྲིད་ཀྱི་དམ་ཚིག་མ་སྲུང་བ་དང་ལྐོག་ཟ་རུལ་སུངས་ཀྱི་ཉེས་འཛུགས་གཞན་ཡང་བྱས་ཡོད་འདུག
རྒྱ་ནག་ནང་དེ་ལྟ་བུའི་དཔེ་དེབ་བཀག་སྡོམ་བྱེད་པ་ནི་ལོ་བཅུ་ཕྲག་མང་པོའི་སྔོན་ནས་ཡོད་པར་ཡིད་ཆེས་བྱེད་ཀྱི་ཡོད་ཀྱང་། ཉེ་ཆར་གྱི་མིང་འདོགས་དང་མཐོང་ཆུང་གཏོང་བའི་བྱ་སྤྱོད་མང་དུ་ཕྱིན་པ་ནི། ན་ནིང་ལོར་ཏང་གི་སྒྲིག་ལམ་སྒྲིག་གཞིར་བཟོ་བཅོས་བྱས་པ་དང་མཉམ་དུ་བྱུང་བ་ལྟ་བུ་ཡིན་འདུག དེས་རྩ་འཛིན་མ་བྱས་པའི་ཡིག་ཆ་ཀློག་པ་དང་འབྲེལ་བའི་དོན་ཚན་ཧ་ཅང་རྒྱ་སྐྱེད་བྱས་ཡོད་འདུག་ལ། བཟོ་བཅོས་བརྒྱབ་པའི་དོན་ཚན་དེའི་ནང་གསལ་ལྟར་ན། སྒེར་དུ་དཔར་སྐྲུན་བྱས་པའི་དངོས་པོ་བཀླགས་པའམ། ལྟ་བ། ཉན་པ། དེ་བཞིན་ཏང་གི་ཨུ་ཡོན་ལྷན་ཁང་གི་སྲིད་བྱུས་གལ་ཆེན་ཁག་ལ་འགན་མེད་ཀྱི་དཔྱད་གཏམ་སྤེལ་བ། ཏང་དང་རྒྱལ་ཁབ་ཀྱི་གཟུགས་བརྙན་ལ་སྐྱོན་བརྗོད་བྱེད་པ། ཡང་ན་འགོ་ཁྲིད་རྣམས་ལ་སྐྱོན་འཛུགས་བྱེད་མཁན་རྣམས་ལ་ཉེན་བརྡ་གཏོང་རྒྱུ་ཡིན་པ་སོགས་གསལ་ཡོད་འདུག་ལ། གལ་སྲིད་གནས་སྟངས་ཚབས་ཆེན་ཡིན་ན། མི་དེ་དག་ཏང་གི་གོ་གནས་ནས་ཕྱིར་འབུད་གཏོང་རྒྱུ་ཡིན་འདུག
གསར་འགོད་པ། བསོད་ནམས་ཕུན་ཚོགས།