རྒྱ་ནག་ནང་ལྐོག་ས་རུལ་སུངས་འགོག་རྒོལ་ཁྲིམས་ལུགས་བསྐྱར་བཅོས་བྱས་ཡོད་འདུག 

རྒྱ་ནག་ནང་ལྐོག་ས་རུལ་སུངས་འགོག་རྒོལ་གྱི་ཁྲིམས་ལུགས་ཟེར་བ་བསྐྱར་བཅོས་བྱེད་རྒྱུ་ཡིན་འདུག་པ་དང་། ལྐོག་ས་རུལ་སུངས་བྱས་ཡོད་པའི་དོགས་གཞི་ཅན་གྱི་མི་སྣ་ཚོས་ཁྲིམས་རྩོད་པར་འབྲེལ་བ་བྱེད་མི་ཆོག་པ་བཟོས་ནས། བཀག་ཉར་བྱེད་རྒྱུའི་དུས་ཡུན་རིང་དུ་བཏང་ཡོད་འདུག

ཕྱི་ཚེས་༡༤ ཉིན་ལྷོ་རྒྱ་ནག་ཞོགས་པའི་ཆ་འཕྲིན་གྱི་གནས་ཚུལ་སྤེལ་གསལ་ལྟར་ན། རྒྱ་ནག་གིས་ལྐོག་ས་རུལ་སུངས་འགོག་རྒོལ་གྱི་ཁྲིམས་ལུགས་ལ་བསྒྱུར་བཅོས་གཏོང་རྒྱུ་ཡིན་འདུག་པ་དང་། དེའི་ནང་ལྐོག་ས་རུལ་སུངས་བྱས་ཡོད་པའི་དོགས་ཡོད་ཅན་རྣམས་ལ་ཞིབ་བཤེར་སྐབས་འགན་ལེན་སྤྲོད་ཆོག་པའི་ཆོག་མཆན་སྤྲོད་རྒྱུ་ཡིན་ནའང་། དོགས་ཡོད་པ་ཚོར་ཁྲིམས་རྩོད་པ་དང་འབྲེལ་བ་བྱེད་མི་ཆོག་པ་དང་། བཀག་ཉར་དུས་ཡུན་ཡང་རིང་དུ་གཏོང་རྒྱུ་ཡིན་འདུག 

རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་སྟེ། གཟའ་པ་སངས་ཉིན་རྒྱ་ནག་གི་མཐོ་རིམ་ཁྲིམས་བཟོ་ལྷན་ཚོགས་ཀྱིས་ཉིན་བཞིའི་རིང་གི་ཚོགས་འདུ་འཚོགས་ཡོད་འདུག་ཅིང་། 

ཤིན་ཧཱ་གསར་འགྱུར་ཁང་ཟེར་བས་བཤད་པ་ལྟར་ན། ལྟ་རྟོག་ཁྲིམས་ལུགས་ལ་འཕྲི་སྣོན་བྱེད་རྒྱུའི་ཟིན་བྲིས་ཤིག་བསྐྱར་ཞིབ་བྱེད་བཞིན་ཡོད་པ་དང་། ཕྱི་ལོ་ ༢༠༡༨ ལོའི་ཟླ་ ༣ པར་ཁྲིམས་ལུགས་འདི་གཏན་འབེབས་བྱས་ཡོད་འདུག་པ་དང་། དེ་ནས་བཟུང་འཕྲི་སྣོན་བྱེད་པ་ཐེངས་དང་པོ་ཡིན་འདུག  ཟིན་བྲིས་དེ་ཟླ་བ་གཅིག་རིང་གི་མང་ཚོགས་ཀྱི་བསམ་འཆར་བསྡུ་ལེན་ཟེར་བ་འགོ་བཙུགས་པ་དང་བསྟུན་ནས་གཟའ་པ་སངས་ཉིན་གྱི་ཕྱི་དྲོར་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་དྲ་ཚིགས་སྟེང་བཀྲམས་ཡོད་འདུག གོང་གསལ་གསར་ཁང་དེའི་གནས་ཚུལ་ནང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་འཕྲི་སྣོན་དེ་དག་ནམ་ཞིག་དང་གཏན་འབེབས་བྱེད་མིན་སྐོར་གསལ་བཤད་བྱས་མེད་ཀྱང་། སྤྱིར་བཏང་ཁྲིམས་ལུགས་ཀྱི་འཕྲི་སྣོན་རྣམས་བསྐྱར་ཞིབ་ཐེངས་གསུམ་བྱས་རྗེས་གཏན་འབེབས་བྱེད་ཀྱི་ཡོད་འདུག 

ཁྲིམས་རྩོད་པ་ཁག་ཅིག་གིས་བཤད་དོན། ཟིན་བྲིས་དེས་ཁོང་ཚོར་རང་གི་ཚབ་ཞུ་བྱེད་སའི་མི་སྣ་རྣམས་ལ་སྲུང་སྐྱོབ་བྱེད་པར་གོ་སྐབས་ཆེ་རུ་བཏང་མེད་པ་མ་ཟད། ལྐོག་ས་རུལ་སུངས་འགོག་རྒོལ་ལས་ཁུངས་ཁག་ལ་ཞིབ་བཤེར་སྤེལ་བར་ཁྲིམས་མཐུན་གྱི་ལག་ཆ་མང་བ་སྤྲད་ཡོད་པར་བརྗོད་འདུག་ལ། དོན་ཚན་གསར་པ་ཞིག་གི་འོག་ཏུ། ཞིབ་བཤེར་བ་ཚོར་ལས་འགན་འཐུས་ཤོར་ཚབས་ཆེན་ནམ་དབང་ཆ་ལོག་སྤྱོད་ཀྱིས་ནག་ཉེས་བསགས་པའི་དོགས་གཞི་ཅན་གྱི་མི་སྣ་སུ་འདྲ་ཞིག་ཡིན་རུང་ཞིབ་བཤེར་ཆེད་དུ་ངེས་པར་དུ་ཡོང་དགོས་པའི་བཙན་བཀའ་གཏོང་ཆོག་པའི་དབང་ཆ་སྤྲད་ཡོད་འདུག

དོན་ཚན་དེ་རང་གི་ནང་དུ། ཞིབ་བཤེར་བ་ཚོས་སྤྱིར་བཏང་གི་གནས་སྟངས་འོག་ཏུ་དོགས་ཡོད་པ་ཞིག་ཆུ་ཚོད་ ༡༢ ལས་མང་བར་འཛིན་བཟུང་བྱེད་མི་ཆོག་པ་གཏན་འབེབས་བྱས་ཡོད་ཀྱང་། དོགས་ཡོད་པ་དེའི་བདེ་འཇགས་དང་སེམས་ཁམས་ཀྱི་གནས་སྟངས་ལ་གཞིགས་ནས་དགོས་གལ་ཡོད་ན། འཛིན་བཟུང་གི་དུས་ཡུན་དེ་ཆུ་ཚོད་ ༢༤ བར་དུ་བསྐྱར་འགྱངས་བྱེད་ཆོག་གི་ཡོད་འདུག དེ་བཞིན་ཞིབ་བཤེར་བ་ཚོས་འཛིན་བཟུང་གི་དུས་ཡུན་ཡང་ནས་ཡང་དུ་བསྐྱར་འགྱངས་བྱས་ཏེ་དོགས་ཡོད་པ་ཞིག་དུས་ཚོད་ངེས་མེད་བར་དུ་འཛིན་བཟུང་བྱེད་མི་ཆོག་པ་གཏན་འབེབས་བྱས་ཡོད་འདུག ​​​​​​​​​​​​​​​​གྲོས་འཆར་གཞན་ཞིག་གི་ནང་དུ། ལྐོག་ས་རུལ་སུངས་ཉེས་གསོག་ཆུང་ཙག་གི་དོགས་ཡོད་པ་རྣམས་ལ་ཟླ་བ་ ༡༢ ཡི་དུས་ཡུན་རིང་ཤོས་ཀྱི་འགན་ལེན་ཐོག་གློད་བཀྲོལ་གཏོང་ཆོག་པའི་ཆོག་མཆན་སྤྲོད་རྒྱུ་ཡིན་འདུག 

དེའི་ཐོག་ཏུ། དོན་ཚན་གཅིག་གི་ནང་དུ་ཉེས་གསོག་ཆུང་ཙག་གི་དོགས་ཡོད་པ་རྣམས་གཞུང་འབྲེལ་གྱིས་འཛིན་བཟུང་བྱས་མེད་ནའང་། གལ་ཏེ་ཁོང་ཚོས་དངོས་ཡོད་ཀྱི་བདེ་འཇགས་ལ་ཉེན་ཁ་བཟོ་སྲིད་པ། དཔེར་ན། བྲོས་བྱོལ་དུ་འགྲོ་བའམ་རང་ཤི་རྒྱག་པའི་ཉེན་ཁ་ཡོད་པར་ངོས་འཛིན་བྱུང་ན། ཞིབ་བཤེར་བ་ཚོས་ཁོང་ཚོ་བཀག་ཉར་ཁང་དུ་འཇོག་ཆོག་པའི་ཆོག་མཆན་སྤྲོད་རྒྱུ་ཡིན་འདུག

གསར་འགོད་པ། བསོད་ནམས་ཕུན་ཚོགས།

This will close in 0 seconds