རྒྱ་ནག་ནང་ཤོག་དཀར་ལས་འགུལ་ལ་རྒྱབ་སྐྱོར་གྱི་ལས་འགུལ་སྤེལ་འདུག

ཟླ་བ་༡༡ ཚེས་༣༠ ཉིན་བོད་ཀྱི་གཞོན་ནུ་ལྷན་ཚོགས་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་དང་ས་གནས་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག་རྒྱ་ནག་གི་ཤོག་དཀར་ལས་འགུལ་ལ་རྒྱབ་སྐྱོར་དང་རྒྱ་གཞུང་ལ་ངོ་རྒོལ་ལས་འགུལ་ཞིག་སྤེལ་གནང་སོང་།

(སྦེང་ལོར་ལ་ལས་འགུལ་སྤེལ་བའི་པར།)

ཟླ་༡༡ཚེས་༣༠ ཉིན་སྦེང་ལོར་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག་སྦེང་ལོར་ཁུལ་དུ་ཡོད་པའི་ཏྰ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་གི་སློབ་མ་ཁག་ཅིག་དང་། བོད་ཁྱིམ་སྡོད་ཁང་གི་སློབ་ཕྲུག དེ་བཞིན་དེ་གར་ས་གནས་བོད་པ་ཚོ་མཉམ་ཞུགས་ཀྱིས་རྒྱ་ནག་ནང་གི་ཤོག་དཀར་ལས་འགུལ་ལ་རྒྱབ་སྐྱོར་དང་གདུང་སེམས་མཉམ་སྐྱེད་མཚོན་ཆེད་དུ་རྒྱ་ནག་གཞུང་ལ་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་སྤེལ་ཡོད་འདུག

གཞན་ཡང་ཟླ་ ༡༡ ཚེས་ ༣༠ ཉིན་བོད་ཀྱི་གཞོན་ནུ་ལྷན་ཚོགས་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་སྣེ་ཁྲིད་འོག། ལྡི་ལི་རོ་ཧི་ནི་དང་བསམ་གཡས་གླིང་ས་གནས་གཞོན་ལྷན་གྱི་རྒྱུན་ལས་དང་ཚོགས་མི་རྣམས་མཉམ་ཞུགས་ཀྱིས་རྒྱ་ནག་ནང་རིམས་ནད་དམ་དྲགས་ལ་ངོ་རྒོལ་དང་། ཞི་ཅིན་ཕིན་དང་དམར་ཤོག་སྲིད་གཞུང་ལ་ངོ་རྒོལ་སོགས་གནང་བཞིན་པའི་རྒྱ་རིགས་མང་གཙོ་དོན་གཉེར་བ་རྣམས་ལ་གདུང་སེམས་མཉམ་སྐྱེད་ཀྱི་རྣམ་འགྱུར་གསལ་སྟོན་གྱིས་ལས་འགུལ་ཞིག་སྤེལ་ཡོད་འདུག

(ལྡི་ལི་ལ་ལས་འགུལ་སྤེལ་བའི་པར།)

དེ་བཞིན་བོད་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་དྲྭ་ཐོག་ཏུ་གནས་ཚུལ་སྤེལ་བ་ལྟར་ན། བོད་རྒྱལ་ཡོངས་མང་གཙོ་ཚོགས་པ་དང་བོད་རང་བཙན་སློབ་ཕྲུག་ཚོགས་པ། རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ཁང་དང་བོད་ཀྱི་བུད་མེད་ལྷན་ཚོགས་བཅས་ཀྱིས་རྒྱ་གར་གྱི་རྒྱལ་ས་ལྡི་ལི་ལ་ཡོད་པའི་རྒྱ་ནག་གི་གཞུང་ཚབ་ཁང་གི་མདུན་དུ། སྲིད་དབང་སྒེར་འཛིན་མི་དགོས་དམངས་གཙོ་དགོས་ཞེས་དང་། རྒྱ་ནག་གཞུང་གི་ཏོག་དབྱིབས་གཉན་རིམས་ཀླད་ཀོར་ཞེས་པའི་སྲིད་བྱུས་ལ་མི་མང་གིས་ངོ་རྒོལ་བྱེད་བཞིན་ཡོད་པ་དེར་ལ་རྒྱབ་སྐྱོར་ཡོད་རབས་ཀྱིས་ལས་འགུལ་ཞིག་སྤེལ་ཡོད་འདུག

རྒྱ་ནག་ནང་གི་ཤོག་དཀར་ལས་འགུལ་ཞེས་པ་དེ་ནི་ཟླ་བ་སྔོན་མའི་ནང་རྒྱ་ནག་གི་རྒྱལ་ས་པེ་ཅིང་དང་ཧྲང་ཧེ་སོགས་གྲོང་ཁྱེར་མང་པོའི་ནང་མི་མང་སྟོང་ཕྲག་མང་པོ་ལག་ཏུ་ཤོག་དཀར་ཁྱེར་ནས་རྒྱ་ནག་གཞུང་གི་ཏོག་དབྱིབས་གཉན་རིམས་ཀླད་ཀོར་ཞེས་པའི་སྲིད་བྱུས་ལ་ངོ་རྒོལ་བྱས་ཡོད་པ་དང་། ཤོག་དཀར་དེ་ཡིས་མི་མང་ཚོས་བཤད་འདོད་ཡོད་ཀྱང་བཤད་དབང་མེད་པའི་སྐད་ཆ་ཚང་མ་མཚོན་གྱི་ཡོད་འདུག་ལ། རྒྱ་ནག་ནང་གི་ཤོག་དཀར་ལས་འགུལ་དེ་ལ་ཨ་རི་དང་ཡུ་རོབ། དེ་བཞིན་ཨེ་ཤི་ཡའི་རྒྱལ་ཁབ་མང་པོའི་ནང་ལ་མི་མང་གིས་རྒྱབ་སྐྱོར་བྱས་དང་བྱེད་བཞིན་ཡོད་པའི་གནས་ཚུལ་ཐོན་འདུག

གསར་འགོད་པ་བློ་བཟང་རྒྱ་མཚོ།